ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༡༠ རེས་གཟའ་མིག་དམར།
༄༅། །འདི་གར་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། གངས་ཅན་བོད་ཀྱི་རྒྱལ་ས་ལྷ་སར་ཆོལ་གསུམ་བོད་མི་སེར་སྐྱ་ཡོངས་ནས་མ་གྲོས་བསམ་པ་གཅིག་མཐུན་གྱིས་རྒྱ་དམར་བཙན་འཛུལ་བར་ངོ་རྒོལ་ཆེད་རང་དབང་སྒེར་ལངས་བྱས་པའི་དུས་དྲན་ཐེངས་ ༦༡ པ་དེ་བཞིན་ཐེ་ཝན་རྒྱལ་ས་ཐེ་པེ་གྲོང་ཁྱེར་ནང་སྲུང་བརྩི་ཞུས་ཡོད་པ་རེད།
དེ་ཡང་ཕྱི་ཚེས་ ༨ ཉིན་རྒྱབ་ཆུ་ཚོད་ ༡།༣༠ ཐོག་ཐེ་སྡོད་བོད་རིགས་ཚོགས་པས་གཙོ་འགན་དང་། ས་གནས་བོད་ཀྱི་གཞོན་ནུ། ཐེ་ཝན་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གཅིག་གིས་གཞོགས་འདེགས་འོག་གསུམ་བཅུའི་དུས་དྲན་མཛད་སྒོ་དབུ་འཛུགས་བསྐྱངས། ཐོག་མར་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་། བདེན་ཚིག་སྨོན་ལམ། རྒྱལ་གཅེས་པ་རྣམས་ལ་ངག་བཅད་མྱ་ངན་གུས་འདུད་ཞུས་རྗེས། བོད་རིགས་ཚོགས་པའི་ཚོགས་གཙོ་བསྟན་འཛིན་རྣམ་དག་ལགས་དང་། ས་གནས་བོད་ཀྱི་གཞོན་ནུའི་ཚོགས་གཞོན་དཀོན་མཆོག་ལྷག་པ་ལགས་ཀྱིས་ཐེངས་འདིའི་ནད་ཡམས་ཀྱིས་རྐྱེན་པས་གསུམ་བཅུའི་དུས་དྲན་གོ་སྒྲིག་ཞུ་ཕྱོགས་ངོ་སྤྲོད་དང་། བོད་དོན་ཐོག་གདུང་སེམས་མཉམ་སྐྱེ་དང་རྒྱབ་སྐྱོར་གནང་མཁན་ཐེ་ཝན་གྲོས་ཚོགས་འཐུས་མི་བཞི་དང་། ཐེ་པེ་གྲོང་ཁྱེར་གྲོས་ཚོགས་འཐུས་མི་གཉིས་ལ་ཐུགས་རྗེ་ཆེ་ཞུའི་དཀར་གཙང་མཇལ་དར་ཕུལ་ནས་རྔམ་སྟོན་ཁྲོམ་སྐོར་འགོ་འཛུགས་གནང་།
སྤྱི་ཡོངས་ཀྱི་ནད་ཡམས་ཀྱིས་རྐྱེན་པས་ཚ་བ་བརྟག་དཔྱད་དང་འབྲེལ་ཆེད་དུ་བོད་ཀྱི་རྒྱལ་དར་འཁོད་པའི་ཁ་རས་གྲངས་བརྒྱ་དང་བཅུ་ལྷག་བཟོས་ཡོད་པ་དེ་དག་ཁྲོམ་སྐོར་ནང་མཉམ་ཞུགས་བྱེད་མཁན་ལ་མཁོ་སྤྲོད་བྱས་པ་ཕུད། དེ་མིན་མི་མང་རྣམས་ཁྲོམ་སྐོར་ནང་དངོས་སུ་ཞུགས་མ་དགོས་པར་དྲ་རྒྱའི་ཐོག་ནས་མཉམ་ཞུགས་ཡོང་བའི་འབོད་སྐུལ་ཞུས་རུང་། ཐེ་ཝན་མི་མང་མང་པོ་ཞིག་མཉམ་ཞུགས་གནང་ཡོད་པ་དང་། རྔམ་སྟོན་ཁྲོམ་སྐོར་སྐབས་སྐད་འབོད་སོགས་མེད་པར་ངག་བཅད་ཀྱི་གོམ་བགྲོད་དང་།
ནད་ཡམས་ཞི་འཇམ་ཆེད་རྒྱལ་དར་བཙུགས་པའི་སྣུམ་འཁོར་ཐོག་ནས་སྤྱི་ནོར་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་གསུང་དྲོན་མོ་རྗེ་བཙུན་སྒྲོལ་མའི་གཟུངས་སྔགས་རྒྱང་བསྒྲགས་ཐོག་ནང་བཏང་། གོམ་བགྲོད་པ་ཚོས་ལག་ཏུ་སྤྱི་ནོར་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་ཀྱི་རྒྱལ་དར་འཁོད་པའི་སྒང་ཕུག་དང་། ཕྲེད་དར་སྣ་ཚོགས་ཐོགས་ཏེ་ཉེན་རྟོག་པའི་སྲུང་སྐྱོབ་འོག་ཐེ་ཝན་གྱི་གལ་ཆེའི་གཞུང་ལམ་བརྒྱུད་གཞི་རྒྱ་ཆུང་བའི་རྔམ་སྟོན་ཁྲོམ་སྐོར་གྲུབ་རྗེས། མི་མང་ལངས་གླུ་དབྱངས་སུ་གྱེར་ནས་ལས་འགུལ་མཇུག་སྒྲིལ་གནང་ཡོད་པ་རེད།