ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༡༦ རེས་གཟའ་ཟླ་བ།
༄༅། །ཅེག་སྤྱི་མཐུན་རྒྱལ་ཁབ་ Czech Republic ནང་བོད་དོན་ལ་གདུང་སེམས་མཉམ་སྐྱེ་དང་རྒྱབ་སྐྱོར་མཚོན་ཆེད་གྲོང་སྡེ་ཁག་ ༨༤༤ དང་། སློབ་གྲྭ་གྲངས་ ༡༣༣། ཚོགས་པ་ཁག་ ༡༤༤། དེ་བཞིན་མི་མང་སྒེར་པ་བཅས་ནས་ཁྱོན་ས་གནས་མ་འདྲ་བ་གྲངས་ ༡༡༠༢ ནང་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་གནང་སྟེ་གསུམ་བཅུའི་དུས་དྲན་ཐེངས་ ༦༡ སྲུང་བརྩི་ཞུས་འདུག ཕྱི་ལོ་ ༡༩༩༦ ལོར་རླུང་རྟ་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངེས་སྟོན་པ་ལུ་བྷོ་མིར་ Lubomir Sklenka ལགས་ཀྱི་འགོ་ཁྲིད་འོག་བོད་དོན་ཆེད་བོད་ཀྱི་རྒྱལ་དར་གྲངས་ ༤ བསྒྲེངས་འཛུགས་གནང་སྟེ་ལས་འགུལ་སྤེལ་ཡོད།
རླུང་རྟ་བོད་དོན་རྒྱབ་སྐྱོར་ཚོགས་པས་ལོ་ལྟར་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པི་རག་ Prague ནང་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་གསུམ་བཅུའི་དུས་དྲན་སྲུང་བརྩི་ཞུས་ཏེ་ཞི་བའི་ངོ་རྒོལ་གནང་གི་ཡོད་པ་མ་ཟད། བོད་དོན་དང་འབྲེལ་བའི་འགྲེམས་སྟོན་དང་དཔེ་དེབ་དཔར་སྐྲུན་གནང་སྟེ་ལས་འགུལ་སྤེལ་གྱི་ཡོད། གཞན་ཡང་ཅེག་བོད་དོན་རྒྱབ་སྐྱོར་ཚོགས་པ་ Czechs Support Tibet དང་། པོ་ཏཱ་ལ་བོད་དོན་རྒྱབ་སྐྱོར་ཚོགས་པ། ཅེག་བོད་རིགས་སྤྱི་མཐུན་ཚོགས་པ་སོགས་ནས་གསུམ་བཅུའི་དུས་དྲན་སྲུང་བརྩི་དང་བོད་དོན་ཆེད་ལས་འགུལ་སྤེལ་ཡོད།
ད་ལྟའི་རླུང་རྟ་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངེས་སྟོན་པ་ཨེ་ཌི་ཊ་ Edita Kleckerová ལགས་ཀྱིས། ཅེག་སྤྱི་མཐུན་རྒྱལ་ཁབ་ནང་ས་གནས་མ་འདྲ་བ་ཁག་ ༡༡༠༢ ལྷག་གི་ནང་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་དང་བོད་དོན་ལ་རྒྱབ་སྐྱོར་གནང་སྟེ་རྒྱ་ནག་གིས་བོད་ཐོག་འཛིན་པའི་དྲག་གནོན་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་གནང་ཡོད་པ་མ་ཟད། ཅེག་སྤྱི་མཐུན་རྒྱལ་ཁབ་ནང་བོད་དོན་རྒྱབ་སྐྱོར་པའི་གྲངས་ལོ་རེ་བཞིན་ཡར་འཕེལ་བཞིན་ཡོད། ཅེས་གསུངས།
སུད་སིའི་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས་ཀྱིས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་བོད་དོན་རྒྱབ་སྐྱོར་བ་ཡོངས་ལ་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། ཆུ་ཐིགས་བསགས་པས་རྒྱ་མཚོ་ཞེས་གསུང་བ་ལྟར། བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་ཀྱི་ལས་འགུལ་འདི་བཞིན་ཐོག་མར་གཞི་རྒྱ་ཆུང་ཆུང་ཞིག་ནས་འགོ་བཙུགས་ཡོད་པ་དང་། ད་ལྟ་ལས་འགུལ་འདི་གཞི་རྒྱ་ཆེ་རུ་འགྲོ་བཞིན་ཡོད། ཅེས་སོགས་གསུངས།།