ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༣༠ རེས་གཟའ་ཟླ་བ།
༄༅། །རྒྱ་ནག་ཝུ་ཧན་ནས་ཏོག་དབྱིབས་གཉན་རིམས་འཛམ་གླིང་ས་ཕྱོགས་གང་སར་ཁྱབ་བརྡལ་དུ་འགྲོ་བཞིན་པའི་སྐབས་འདིར། བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས་བོད་བརྒྱུད་ནང་བསྟན་གཞུང་ནས་གསུང་བའི་ནད་ཡམས་སྔོན་འགོག་སྐོར་གསུང་དོན། ནང་ཆོས་ནང་ན་ཚ་བྱེ་བྲག་པ་ཞིག་གི་ཆེད་དུ་འདི་བྱེད་དགོས་པ་རེད་ཅེས་དམིགས་བསལ་ཡོད་མེད་གང་ཤེས། འོན་ཀྱང་ནང་ཆོས་ནང་སེམས་པ་སྐྱིད་པོ་ངང་སྡོད་དགོས་པའི་སྐོར་ཤུགས་ཆེན་པོ་གསུང་གི་ཡོད། སེམས་པ་མ་སྐྱིད་པ་ཆགས་དུས་ཁོང་ཁྲོ་དང་། འགྲན་སེམས། ཕྲག་དོག་སོགས་འབྱུང་གི་ཡོད། དེ་དག་ཚང་མ་སེམས་ལྷིང་འཇགས་མ་བྱུང་བར་བརྟེན་ནས་ཡོང་གི་ཡོད། སེམས་སྐྱིད་པོ་ཡོང་བར་ཐབས་ཤེས་གང་ཡོད་ཅེ་ན། ཚང་མས་མཁྱེན་གསལ་རེད། རྒྱལ་སྲས་ཆེན་པོ་ཞི་བ་ལྷས་ཇི་སྐད་དུ། གལ་ཏེ་བཅོས་སུ་ཡོད་ན་ནི། །དེ་ལ་མི་དགར་ཅི་ཞིག་ཡོད། །གལ་ཏེ་བཅོས་སུ་མེད་ན་ནི། །དེ་ལ་མི་དགའ་བྱས་ཅི་ཕན། །ཞེས་གསུངས་པ་ལྟར་ད་ལམ་ནད་ཡམས་འདི་ཡིན་ནའང་བཅོས་ཐབས་ཡོད་པ་རེད། ནད་ཡམས་འདི་བཅོས་པར་སོ་སོའི་ངོས་ནས་ཀྱང་གཙང་སྦྲ་འཕྲོད་བསྟེན་གཟབ་གཟབ་བྱེད་དགོས་པ་དང་། ཐབས་ཤེས་ཡོད་པ་དེ་དག་མ་བྱས་ནས་དངངས་སྐྲག་བྱས་ནས་བསྡད་ན་གནོད་པ་ལས་ཕན་རྒྱུ་གང་ཡང་མེད། སོ་སོས་བྱེད་མ་ཐུབ་པའི་རིགས་ལ་སེམས་འཁྲལ་བྱས་ནས་བསྡད་ན་ཕན་ཐོགས་གང་ཡང་མེད། སེམས་འཁྲལ་བྱས་ནས་བསྡད་ན་ན་ཚ་སྔོན་འགོག་གི་ནུས་པ་ཉམས་པ་དང་། གཉིད་མ་ཁུག་པ། ན་ཚ་སོགས་ཡོང་གི་ཡོད། ཅེས་དེང་སང་སྨན་པས་ཀྱང་གསུང་གི་འདུག
སོ་སོས་མ་ཐུབ་པའི་རིགས་ལ་མ་དགའ་བ་བྱེད་རྒྱུ་མེད། དེང་སང་གི་དུས་ཚོད་འདིར་དཀའ་ངལ་མང་པོ་ཞིག་ནི་རྣམ་གཡེང་ཆེ་དྲགས་ནས་ཡོང་གི་རེད་བསམ་གྱི་འདུག མི་རྣམས་རྡུལ་ཕྲན་མཚོན་ཆ་རིགས་བཟོ་བར་འཇོན་པོ་ཡོད་པ་དང་། ནད་ཡམས་འདི་འདྲ་ཡོང་བའི་སྐབས་དེ་བཅོས་ཐབས་ཀྱི་མཐུན་རྐྱེན་མཐའ་ན་སྟོབས་ཆེན་རྒྱལ་ཁབ་ཚོའི་ནང་ནའང་འདང་གི་ཡོད་མ་རེད་ཟེར་གྱི་འདུག དེ་ནི་དངོས་གནས་དྲང་གནས་ཧང་སང་དགོས་པ་ཞིག་རེད།
ནམ་རྒྱུན་མི་གཅིག་གིས་གཅིག་ལ་བརྩེ་བ་དང་བྱམས་སྐྱོང་མ་གནང་བར་སོ་སོའི་མིང་དང་གོ་ས་སོགས་ཀྱི་དབང་དུ་ཕྱིན་པའི་ཉེར་ལེན་ལ་བརྟེན་ནས་འདི་དག་འབྱུང་གི་ཡོད། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ཐེངས་མང་བསྩལ་ཡོད་ཀྱང་། བོད་པ་གཅིག་པུ་མ་རེད། འཛམ་གླིང་གི་མི་མང་པོས་དེར་དོ་སྣང་གནང་གི་མེད། ད་ལྟ་དཀའ་ངལ་འཕྲད་བཞིན་པའི་སྐབས་གཞི་ནས་བསམ་བློ་འཁོར་ཡོང་གི་ཡོད་པ་རེད། ཏོག་དབྱིབས་གཉན་རིམས་ཀྱིས་མི་རིགས་དཀར་ནག་དང་ཆོས་ལུགས་སོགས་དབྱེ་བ་འབྱེད་ཀྱི་མེད་པར་དཀའ་ངལ་བཟོ་ཡི་ཡོད། རང་བྱུང་ཁོར་ཡུག་དང་ནད་ཡམས་ཀྱིས་དབྱེ་བ་འབྱེད་ཀྱི་མེད། འགྲོ་བ་མི་ཡིས་དབྱེ་བ་འབྱེད་ཀྱི་ཡོད། རྣམ་དཔྱོད་ཅུང་ཙམ་ཡོད་པ་དེ་བེད་སྤྱོད་ལོག་པ་བཏང་སྟེ་ང་དང་ཁོང་ཞེས་དབྱེ་བ་འབྱེད་ཀྱི་ཡོད། ད་ལྟའི་ནད་ཡམས་འདི་གསལ་པོ་ཞེ་དྲགས་རེད། མིའི་སྤྱོད་པ་ངན་དྲགས་ནས་བྱུང་བ་གསལ་པོ་ཞེ་དྲག་རེད། ནད་ཡམས་འདི་སྲོག་ཆགས་བསད་པ་དང་རྫས་འགྱུར་བརྟག་དཔྱད་བྱས་པར་བརྟེན་ནས་བྱུང་བ་ཡིན་ནའང་རེད། གང་ལྟར་ང་ཚོའི་བྱ་སྤྱོད་ངན་པར་བརྟེན་ནས་ནད་ཡམས་འདི་བྱུང་བ་རེད། གོ་སྐབས་འདི་བརྒྱུད་ཚང་མ་ཕྱི་ལོགས་གང་སར་མ་འཁྱམ་པར་ནང་ལ་བསྡད་དེ་ཁ་ཏོན་དགེ་སྦྱོར་དང་དྲ་ཐོག་ནས་ནང་ཆོས་སོགས་སློབ་སྦྱོང་བྱེད་དགོས། ཞེས་སོགས་གསུངས།།