ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༨ རེས་གཟའ་ཉི་མ།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༨ ཉིན་མོ་འདི་བཞིན་རྒྱ་ནག་གཞུང་ནས་ཕྱི་ལོ་ ༡༩༨༩ ལོར་བོད་ཀྱི་བདག་པོ་བོད་མིའི་ཐོག་མི་སྤྱོད་ལས་འདས་པའི་དྲག་གནོན་གྱི་ཁྲིམས་གཞི་བསྡམས་པ་ནས་བཟུང་ད་བར་མནར་གཅོད་དང་གཉའ་གནོན། བཤུ་གཞོག་འོག་བོད་མི་རྒྱལ་གཅེས་སེར་སྐྱ་ཕོ་མོ་རྒན་བྱིས་གྲངས་ལས་འདས་པ་ཞིག་དུས་མིན་རྐྱེན་ལམ་དུ་བཏང་བ་དང་། ཉེས་མེད་ཁྲི་ཚོ་མང་པོར་བཙོན་འཇུག་དང་མནར་གཅོད། དེ་བཞིན་གར་སོང་ཆ་མེད་བཟོས་པ་སོགས་ཀྱི་ཀླ་ཀློའི་བྱ་སྤྱོད་འོག་དཀའ་སྡུག་ཚད་མེད་མྱངས་དང་མྱོང་བཞིན་ཡོད་པར་བརྟེན། བོད་ནང་གི་རྒྱལ་གཅེས་པ་རྣམས་ཀྱི་བཀའ་དྲིན་རྗེས་དྲན་དང་།
ཁོང་རྣམ་པའི་རྗེས་ཤུལ་ནང་མི་སྤུན་ཉེ་རྣམས་ལ་སྐྱིད་སྡུག་མཉམ་མྱོང་གི་གདུང་སེམས་མཉམ་སྐྱེ་ཞུ་ཆེད་དང་། ལྷག་པར་སྐུ་གཤེགས་རྒྱལ་གཅེས་པ་རྣམས་ཀྱི་ཚེ་རབས་ཕྲེང་བར་བྱས་བསགས་སྡིག་ལྟུང་ཅི་མཆིས་བྱང་ཞིང་དག་སྟེ་འཕགས་མཆོག་སྤྱན་རས་གཟིགས་ཀྱིས་མཉེས་བཞིན་རྗེས་སུ་བཟུང་བའི་མཐུ་ལ་བརྟེན་ནས་མངོན་མཐོའི་རྟེན་བཟང་རིམ་བརྒྱུད་མཐར་ཐུག་སྐུ་བཞི་ཡེ་ཤེས་ལྔ་ལྡན་གྱི་གོ་འཕང་མྱུར་དུ་འཐོབ་པ་དང་། པཎ་ཆེན་ཡང་སྲིད་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་དབུས་བླ་སྤྲུལ་དགེ་བཙུན་སྔགས་གསུམ་དང། སྐྱ་བོ་རྒན་བྱིས་བར་གསུམ་བཅས་མནར་གཅོད་མྱོང་བཞིན་བཙོན་དོང་དུ་ཡོད་པ་རྣམས་མྱུར་དུ་བཙོན་བཀྲོལ།
དེ་བཞིན་རྒྱལ་གཅེས་སྐུ་གཤེགས་རྣམས་ཀྱི་བྱས་རྗེས་དང་། གསོད་རྡུང་བཀོལ་གསུམ་གྱི་དྲག་གནོན་འོག་མནར་གཅོད་མྱངས་དང་མྱོང་མུས་ཀྱི་རྒྱལ་ཞེན་སྙིང་སྟོབས་ལྡན་པའི་ཕོ་མོ་རྒན་བྱིས་བར་གསུམ་གྱིས་ལུས་སྲོག་ལོངས་སྤྱོད་བློས་གཏོང་གནང་མཁན་དང་། དེ་དག་གི་རྗེས་ཤུལ་ནང་མི་སྤུན་ཉེ་རྣམས་ལ་བཀའ་དྲིན་རྗེས་དྲན་མཚོན་སླད་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་བཀའ་འབྲེལ་འོག་ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༨ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་ཆོས་རིག་ལས་ཁུངས་ནས་གོ་སྒྲིག་ཞུས་ཐོག་གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་དུ་མཆོད་འབུལ་སྨོན་ལམ་གྱི་ཚོགས་མགོན་དུ་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་དབུས་བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ་དང་། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། དེ་བཞིན་སྲི་ཞུའི་ལས་བྱེད་བཅས་ཚང་འཛོམས་ཀྱིས་ཆུ་ཚོད་ ༡༡ བར་སྨོན་ལམ་གསུང་འདོན་གནང་ཡོད།
མཆོད་འབུལ་སྨོན་ལམ་གྲོལ་མཚམས་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གསུང་བཤད་གནང་དོན། དེ་རིང་ང་ཚོ་འདིར་ཚང་འཛོམས་གནང་དོན་ནི། ཕྱི་ལོ་ ༡༩༨༩ ཟླ་ ༣ ཚེས་ ༨ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་གཙོ་བོར་གྱུར་པའི་བོད་ནང་བོད་མི་རྣམས་མ་གྲོས་བསམ་པ་གཅིག་མཐུན་གྱིས་རྒྱ་ནག་གཞུང་གིས་བོད་མིའི་རང་དབང་སོགས་ལ་སྡུག་རྩུབ་བྱས་པར་ཞི་བའི་སྒེར་ལངས་བྱས་པའི་ཉིན་མོ་ཆགས་ཀྱི་ཡོད། ཉིན་དེར་རྒྱ་ནག་དམར་པོའི་གཞུང་ནས་བོད་ནང་དྲག་པོའི་དམག་ཁྲིམས་བསྡམས་ཏེ་བོད་མི་བརྒྱ་ཕྲག་མང་པོ་དམར་གསོད་བཏང་བ་དང་། བོད་མི་སྟོང་ཕྲག་མང་པོ་འཛིན་བཟུང་བྱས་ཡོད། དུས་དེ་ནས་བཟུང་ཕྱི་ཟླ་ ༣ ཚེས་ ༨ ཉིན་མཆོད་འབུལ་སྨོན་ལམ་འཚོགས་བཞིན་ཡོད།
དེ་རིང་འཛོམས་དགོས་དོན་གཙོ་བོ་ནི། བོད་ནང་ཕྱི་ལོ་ ༡༩༨༩ ཕྱི་ཟླ་ ༨ དང་། ལར་ནས་ཕྱི་ལོ་ཆིག་སྟོང་དགུ་བརྒྱ་ལྔ་བཅུ་ལྔ་གྲངས་ནས་ད་བར་བོད་ཀྱི་རྩ་དོན་སླད་གཅེས་པའི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གནང་མཁན་རྒྱས་གཅེས་པ་འབུམ་ཕྲག་མང་པོ་བྱུང་ཡོད། རྒྱ་ནག་གཞུང་ནས་བོད་ས་བཙན་བཟུང་བྱས་པ་ནས་བཟུང་གནས་སྟངས་འདྲ་མིན་འོག་བོད་མི་ས་ཡ་གཅིག་ལྷག་ཙམ་འདས་གྲོངས་སུ་གྱུར་ཡོད། རྒྱལ་གཅེས་པ་དེ་དག་བོད་ཁ་བ་གངས་ཅན་ལྗོངས་སུ་སླར་ཡང་འཁྲུངས་པ་དང་། བོད་ཀྱི་རྩ་དོན་ཆེད་མུ་མཐུད་སྐུ་ལས་བསྐྱོན་མཁན་ཞིག་ཏུ་འཁྲུངས་བར་ཤོག་ཅེས་སྨོན་ལམ་རྒྱག་རྒྱུ་གཙོ་བོ་རེད།
རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་ཐོག་མར་འགོ་བཙུགས་ཏེ་ད་ཆ་འཛམ་གླིང་རྒྱལ་ཁབ་ ༨༠ ལྷག་ཙམ་ནང་ཏོག་དབྱིབས་ནད་དུག་ཁྱབ་བརྡལ་ཕྱིན་ཡོད། བོད་ནང་རིམས་ནད་དེ་ཉིད་ཕོག་པའི་མི་གྲངས་བརྒྱ་སྐོར་ལས་མེད་པ་འཁོད་ཡོད་ཀྱང་། རྒྱ་ནག་གཞུང་གི་གནས་ཚུལ་ཕྱི་གསལ་ནང་གསལ་མེད་པའི་རྐྱེན་གྱིས་བོད་ནང་གི་དངོས་ཡོད་གནས་སྟངས་ཤེས་ཐབས་བྲལ། ང་ཚོའི་ངོས་ནས་བོད་ནང་ཏོག་དབྱིབས་ནད་ཡམས་གང་མགྱོགས་ཞི་བ་དང་། ཏོག་དབྱིབས་ནད་ཡམས་ཕོག་པ་རྣམས་གང་མགྱོགས་དྲག་སྐྱེད་ཡོང་བའི་སྨོན་ལམ་བརྒྱག་རྒྱུ་གཙོ་བོ་རེད། ཅེས་ཞུ་རྒྱུ་ཡིན།
དེ་རིང་འདིར་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་གཉིས་ཕེབས་ཡོད། ཁོང་རྣམ་གཉིས་བོད་རང་དབང་སྒེར་ལངས་བྱས་ནས་མི་ལོ་ ༦༡ འཁོར་བའི་གསུམ་བཅུའི་དུས་དྲན་གྱི་གཞུང་འབྲེལ་མཛད་སྒོའི་སྐུ་མགྲོ་གཙོ་བོ་རེད། ཅེཀ་སྤྱི་མཐུན་རྒྱལ་ཁབ་ལ་མཚོན་ན་བོད་དོན་ཐོག་ཧ་ལས་པའི་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་གྲས་རེད། ཅེས་སོགས་ཀྱི་གསུང་བཤད་གནང་། །