ཕྱི་ལོ་ ༢༠༢༠ ཟླ་ ༢ ཚེས་ ༧ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༢༡ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཧར་པ་སྤུར་གཏན་ཉིན་སློབ་གྲྭ་དབུ་བརྙེས་ནས་ལོ་ངོ་ ༥༠ འཁོར་བར་གསུང་འཕྲིན་ཞིག་བསྩལ་བའི་ནང་འཁོད་དོན།
འདི་ལོ་ཧར་པ་སྤུར་གཏན་ཉིན་སློབ་གྲྭ་དབུ་བརྙེས་ནས་ལོ་ངོ་ ༥༠ འཁོར་བའི་དུས་དྲན་སྲུང་བརྩི་ཞུ་རྒྱུའི་གནས་ཚུལ་ཤེས་རྟོགས་བྱུང་བས་ངོས་རང་དགའ་པོ་བྱུང་། འདས་པའི་ལོ་ངོ་ ༥༠ ལྷག་རིང་ཧར་པ་སྤུར་གཏན་ཉིན་སློབ་གྲྭ་ཡར་རྒྱས་དང་གྲུབ་འབྲས་སེམས་འགུལ་ཐེབས་པ་ཞིག་བྱུང་འདུག་སྟབས། སློབ་གྲྭ་དབུ་བརྙེས་ནས་ལོ་ངོ་ ༥༠ འཁོར་བའི་དུས་དྲན་སྲུང་བརྩི་ཞུ་འོས་པ་ཞིག་རེད། ཧར་པ་སྤུར་གཏན་ཉིན་སློབ་གྲྭ་ནི་བཙན་བྱོལ་བོད་མི་རྣམས་ཀྱི་ཤེས་ཡོན་གྱི་དགོས་མཁོ་སྐོང་ཆེད་དུ་བཙུགས་པའི་སློབ་གྲྭ་ཐོག་མའི་གྲས་རེད། དགེ་རྒན་དང་ལས་བྱེད་ཚོས་བློས་གཏོང་ཆེན་པོ་བྱས་ནས་དཀའ་ལས་བརྒྱབ་པར་བརྟེན་སློབ་ཕྲུག་རྣམས་སློབ་གྲྭར་འགྲིམས་ཐུབ་ཡོད་པ་མ་ཟད། ཁོང་ཚོར་བོད་མིའི་སྲོལ་རྒྱུན་དང་དེང་དུས་ཤེས་ཡོན་ཐོབ་ཐུབ་རྗེས་རྒྱ་གར་དང་ཕྱི་རྒྱལ་ཁག་གི་མཐོ་སློབ་འདྲ་མིན་ནང་ཕྱིན་ནས་མུ་མཐུད་སློབ་སྦྱོང་གནང་མཐར། རྒྱ་གར་དང་ཕྱི་རྒྱལ་ས་གནས་འདྲ་མིན་ནང་གི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཞབས་འདེགས་ཞུས་དང་ཞུ་མུས་རེད། རྒྱ་གར་གཞུང་གིས་མཐུན་འགྱུར་རོགས་རམ་མུ་མཐུད་རྒྱུན་སྐྱོང་གནང་བའི་དྲིན་ལ་བརྟེན་ནས་གྲུབ་འབྲས་འདི་ལྟ་བུ་ཞིག་ཐོན་ཐུབ་པར་ང་ཚོས་བཀའ་དྲིན་སྙིང་བཅང་ཞུ་བཞིན་ཡོད།
ཤེས་ཡོན་སྤྲད་པའི་དགོས་དམིགས་དེ་སྒེར་གྱི་མི་ཚེའི་མདུན་ལམ་བཟང་པོ་ཞིག་བཟོ་ཆེད་མིན་པར་སྤྱི་ཚོགས་ནང་བཟང་ཕྱོགས་ཀྱི་ཤུགས་རྐྱེན་བསྐྲུན་ཐུབ་ཆེད་ཡིན། ང་ཚོ་འགྲོ་བ་མིར་སྐྱེས་སྟོབས་ཀྱི་ཤེས་རབ་ཡོད། ང་ཚོ་ཆུང་བྱིས་པའི་གནས་སྐབས་བསམ་བློ་ཕྲན་བུ་རང་དབང་དང་གུ་ཡངས་པོ་ཡོད་པ་དེར་མུ་མཐུད་སློབ་གསོ་བཟང་པོ་ཞིག་དང་ལམ་སྟོན་ཚུལ་དང་མཐུན་པ་ཞིག་བྱུང་ན་དོན་སྙིང་ལྡན་པ་ཞིག་ཡོང་ཐུབ།
དེར་བརྟེན་དགེ་རྒན་ཚོས་ཀློག་དེབ་སློབ་ཁྲིད་གནང་བའི་ཞོར་དུ་གཞི་རྩའི་འགྲོ་བ་མིའི་རིན་ཐང་སྐོར་སློབ་ཚན་ནང་འཇོག་དགོས། ཕུགས་ལ་འདིས་སློབ་ཕྲུག་ཚོའི་མི་ཚེ་དང་། སྤྱི་ཚོགས་ལའང་ཕན་ཐོགས་ཆེན་པོ་འབྱུང་ངེས། མིའི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་དེ་ཚུལ་དང་མཐུན་པ་ཞིག་བེད་སྤྱོད་གཏང་བར་ཤེས་ཡོན་གྱིས་གྲོགས་བྱེད་དགོས། མི་ཚེའི་ནང་གནས་སྟངས་ཇི་འདྲ་ཞིག་འཕྲད་ཀྱང་། དེར་རྒྱུ་མཚན་ལྡན་པའི་ཐོག་ནས་བསམ་བློ་གཏོང་དགོས་པ་མ་གཏོགས་རྒྱུ་མཚན་དང་རྩ་བ་ནས་མི་འཚམ་པའི་རེ་བ་བརྒྱབ་ནས་ཕྱིན་པ་ཡིན་ན་ཕན་ཐོགས་མེད། ཕྱོགས་ཡོངས་ཀྱི་གནས་སྟངས་ལ་བལྟས་ནས་འགྲོ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། དངོས་ཡོད་གནས་ཚུལ་དང་མཐུན་པ་ཞིག་བྱེད་དགོས་པ་མ་ཟད། གདེང་ཚོོད་ཡོད་པའི་ཐོག་ནས་དོན་དག་བསྒྲུབ་དགོས་པ་རེད། གལ་ཏེ་དེ་ལྟར་བྱེད་ཐུབ་ཚེ། ཁྱེད་ཚོས་བོད་མིའི་སྤྱི་ཚོགས་དང་ཡང་སྒོས་འཛམ་གླིང་སྤྱིའི་ཕན་བདེ་བསྒྲུབ་པ་ལའང་མིང་དོན་མཚུངས་པའི་ཞབས་འདེགས་ཞུ་ཐུབ་རྒྱུ་རེད།
ཧར་པ་སྤུར་གཏན་ཉིན་སློབ་གྲྭ་དབུ་བརྙེས་ནས་ལོ་ངོ་ ༥༠ འཁོར་བའི་དུས་དྲན་མཛད་སྒོ་དང་བསྟུན་ངོས་ཀྱིས་སློབ་གྲྭའི་འདས་པ་དང་ད་ལྟའི་དགེ་ལས་སློབ་ཕྲུག་ཡོངས་ལ་འཚམས་འདྲི་ཞུ་རྒྱུ་ཡིན། ཧར་པ་སྤུར་གཏན་ཉིན་སློབ་གྲྭ་ཆེ་ཆུང་ལ་མ་ལྟོས་པར་སློབ་གྲྭའི་གྲུབ་འབྲས་དེ་གལ་ཆེན་པོ་ཆགས་ཡོད། བཀྲ་ཤིས་བདེ་ལེགས། ཞེས་འཁོད་འདུག །
གསུང་འཕྲིན་ངོ་མ་ཨིན་ཡིག་ནང་ཡོད་པ་ལས་འདི་ག་ཕྱི་དྲིལ་བོད་ཡིག་ཚན་པས་བོད་སྒྱུར་ཞུས། ཨིན་ཡིག་ལ་རྩ་འཛིན་ཡོང་བ་ཞུ།