༢༠༢༠ ཟླ་ ༢ ཚེས་ ༤ རེས་གཟའ་མིག་དམར།
༄༅། །སྐྱབས་རྗེ་ཞེ་ཆེན་རབ་འབྱམས་འཇིགས་མེད་ཆོས་ཀྱི་སེང་གེ་མཆོག་གིས་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་བརྒྱད་པ་གནང་དགོས་པ་གདུལ་བྱ་རྣམས་ཀྱིས་གསོལ་བ་ཕུར་ཚུགས་སུ་བཏབ་ཀྱང་བསྟན་འགྲོའི་བདེ་རྩར་དགོངས་བཞེས་ཀྱིས་ཞལ་བཞེས་གནང་མི་འདུག སླད་ཕྱིན་རྙིང་མའི་དབུ་འཛིན་གྱི་མཚན་གནས་འདོགས་མི་དགོས་པར་སྔ་འགྱུར་རྙིང་མའི་བསྟན་དོན་དང་འབྲེལ་བའི་གནད་དོན་རྣམས་རྙིང་མ་སྤྱི་ལ་ཁྱབ་པའི་སྨོན་ལམ་ཆེན་མོའི་སྒྲིག་འཛུགས་ཀྱིས་ཐུགས་འགན་བཞེས་རྒྱུར་ཐག་གཅོད་བྱུང་འདུག
དེ་ཡང་ཁ་སང་ཕྱི་ཟླ་ ༢ ཚེས་ ༢ དང་བོད་ཟླ་ ༡༢ བོད་ཚེས་ ༨ ཉིན་གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་མཆོད་རྟེན་ཆེན་མོའི་དྲུང་དུ་རྒྱལ་ཡོངས་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོར་བཅར་བའི་རྒྱ་བལ་འབྲུག་གསུམ་གྱི་དགོན་སྡེ་ཁག་ནས་ཕེབས་པའི་དགེ་འདུན་འདུས་མང་སྟོང་ཕྲག་བརྒལ་བ་ལྷན་འཛོམས་ཐོག དཔལ་སྔ་འགྱུར་རྙིང་མའི་མཁན་བླ་སྤྲུལ་ཁག་དང་རྙིང་མའི་སྤྱི་འཐུས་རྣམ་པ། དེ་བཞིན་སྨོན་ལམ་ཆེན་མོའི་ཚོགས་གཙོ་དང་རྒྱུན་ལས་རྣམ་པས་དབུས་དགོན་སྡེ་ཁག་གི་སྐུ་ཚབ་དགེ་བསྐོས་རྣམ་པ་བཅས་ཀྱིས་བཀའ་བསྡུར་གནང་མཐར་གྲོས་ཆོད་གཏན་འབེབས་ལྟར་ཞེ་ཆེན་རབ་འབྱམས་འཇིགས་མེད་ཆོས་ཀྱི་སེང་གེ་མཆོག་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་བརྒྱད་པར་མང་མོས་ཀྱིས་བསྐོ་གཞག་ཐག་གཅོད་ཞུས་པའི་སྐོར་རིན་པོ་ཆེ་མཆོག་ལ་སྙན་སེང་ཞུས་ཀྱང་རིན་པོ་ཆེ་མཆོག་གིས་ཞལ་བཞེས་གནང་མེད། དེར་བརྟེན་སླད་ཕྱིན་སྔ་འགྱུར་རྙིང་མའི་དབུ་འཛིན་གྱི་མཚན་གནས་འདོགས་མི་དགོས་པར་རྙིང་མའི་བསྟན་དོན་དང་འབྲེལ་བའི་གནད་དོན་རྣམས་རྙིང་མ་སྤྱི་ལ་ཁྱབ་པའི་སྨོན་ལམ་ཆེན་མོའི་སྒྲིག་འཛུགས་ཀྱིས་ཐུགས་འགན་བཞེས་རྒྱུར་ཐག་གཅོད་གནང་འདུག་པ་བཅས།