ཕྱི་ལོ་ ༢༠༢༠ ཟླ་ ༢ ཚེས་ ༡༩ རེས་གཟའ་ལྷག་པ།
༄༅། །འདི་གར་སྦན་ད་ར་ནོར་རྒྱས་གླིང་བོད་མིའི་ས་གནས་འགོ་འཛིན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། དཔལ་ས་སྐྱའི་༸སྐྱབས་མགོན་གོང་མ་ཁྲི་འཛིན་རཏྣ་བཛྲ་རིན་པོ་ཆེ་མཆོག་ཕྱི་ལོ་ ༢༠༢༠ ཟླ་ ༢ ཚེས་ ༡༣ ཉིན་ལྡི་ལི་ནས་མཁའ་ལམ་བརྒྱུད་ནག་པུར་དང་། དེ་ནས་རིམ་བཞིན་སྦན་ད་ར་ནོར་རྒྱས་གླིང་བོད་མིའི་གཞིས་ཆགས་སུ་ཕེབས་སྐབས་ས་གནས་འགོ་འཛིན་གྱིས་གཙོས་ཕྱོགས་བཞུགས་སྤྱི་འཐུས་ཀརྨ་དགེ་ལེགས་ལགས་དང་། ས་གནས་ཀྱི་ལས་སྣེ་རྣམ་པ། རྒྱ་གར་གྱི་གནད་ཡོད་མི་སྣ། དེ་བཞིན་སེར་སྐྱ་མི་མང་བཅས་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཏེ་གཞིས་དགོན་ཐེག་ཆེན་གླིང་དུ་ཞབས་སོར་བདེ་བར་འཁོད་ཡོད།
དེ་ཡང་སྦན་ད་ར་ནོར་རྒྱས་གླིང་གཞིས་མི་ཡོངས་ཀྱིས་ལོ་སྔོན་མ་ནས་ཇི་ལྟར་གསོལ་འདེབས་ནན་ཞུ་བཞིན། སྔ་ལོར་གཞིས་ཆགས་སུ་ཕེབས་རྒྱུ་ཞལ་བཞེས་གནང་ཡོད་ཀྱང་མཛད་འཆར་རྐྱེན་པས་ཕེབས་ཐུབ་མེད་པར་བརྟེན། ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་དངོས་སུ་ཆེད་ཕེབས་གནང་སྟེ་ཕྱི་ཚེས་ ༡༤ ནས་ ༡༦ བར་ཉིན་གསུམ་གྱི་རིང་སྦྱིན་སྲེག་དང་། སྤྱན་རས་གཟིགས་དང་རྟ་ཕྱག་ཁྱུང་གསུམ་གྱི་རྗེས་གནང་། ནང་ཆོས་ངོ་སྤྲོད། སྔ་འགྱུར་སྒྲུབ་རྒྱུད་ཆོས་འཕེལ་གླིང་དགོན་པ་དང་སློབ་གྲྭ གངས་ལྗོངས་ནོར་འབྲས་བཟོ་གྲྭ རྒན་གསོ་ཁང་། སྨན་ཁང་། སྨན་རྩིས་ཁང་གཞིས་གྲོང་སོ་སོར་བཅས་ལ་གཟིགས་སྐོར་དང་ཐུགས་སྨོན་རབ་གནས་མཛད།
ཕྱི་ཚེས་ ༡༦ ཉིན་གྱི་སྔ་དྲོར་མི་མང་ལ་ཚེ་དབང་ལོ་བརྒྱ་མའི་བཀའ་དབང་གནང་ཡོད། སྐབས་དེར་ས་སྐྱ་ཁྲི་འཛིན་མཆོག་གིས་བཀའ་སློབ་སྩལ་དོན། ཚེ་དབང་ཞུ་རྒྱུའི་དགོས་པ་ནི་ཚེ་རིང་པོ་ཡོང་སླད་རེད། ཚེ་རིང་པོ་བྱུང་ན་དགེ་བ་བསྒྲུབ་རྒྱུའི་དུས་ཚོད་མང་བ་འཐོབ་ཀྱི་རེད། ང་ཚོས་སྐྱེ་བ་སྔ་ཕྱི་ཁས་ལེན་གྱི་ཡོད་སྟབས་ཆོས་བསྒྲུབ་རྒྱུ་དེ་ཚེ་འདིའི་ཆེད་ཙམ་མ་རེད། ནང་པ་སངས་རྒྱས་པའི་ཆོས་དེ་སྐྱེ་བ་སྔ་ཕྱི་དང་ལས་རྒྱུ་འབྲས་གཞིར་བཞག་ནས་གསུངས་པ་ཞིག་རེད། ལས་རྒྱུ་འབྲས་ཀྱི་རྣམ་གཞག་ཡང་གཙོ་བོ་སྐྱེ་བ་སྔ་ཕྱིར་ཐུག་ཡོད་པ་རེད། དེར་བརྟེན་སྐྱེ་བ་སྔ་ཕྱིར་ཡིད་ཆེས་དང་རྩི་མཐོང་བྱེད་དགོས། ཞེས་དང་།
སྐྱབས་འགྲོ་དང་སེམས་བསྐྱེད་ཀྱི་སྡོམ་པ་ཐོབ་ཡོད་པར་བརྟེན་ཆང་རག་དང་མ་བྱིན་པར་ལེན་པ་སོགས་བསླབ་པའི་གནས་ལྔའི་བསྲུང་བྱ་ཚུལ་བཞིན་སྲུང་དགོས་པའི་ངོ་སྤྲོད་ཞིབ་ཕྲ་གནང་རྗེས། ཚང་མས་བོད་མིའི་ནང་ཁུལ་ཡིན་ནའང་འདྲ། ཡུལ་མི་ཡིན་ནའང་རེད། ལུང་པ་གང་འདྲ་ཞིག་ལ་ཕྱིན་ཀྱང་མཐུན་ལམ་ཡག་པོ་བྱེད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད་ཅེས་དང་། ཆོས་འབྲེལ་བྱེད་པའི་དགེ་བའི་རྩ་བ་འདིས་མཐུ་ལ་བརྟེན་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བསྟན་འཛིན་གྱི་སྐྱེས་ཆེན་རྣམས་སྐུ་ཚེ་ཞབས་པད་བརྟན་ཅིང་མཛད་འཕྲིན་རྒྱས་པའི་ཐུགས་སྨོན་མཛད་ཅིང་།
མཇུག་ཏུ་ཏོག་དབྱིབས་ནད་ཡམས་ཞི་ཆེད་ས་སྐྱའི་ནད་གྲོལ་གྱི་ལྗགས་ལུང་དང་༸གོང་མ་ཁྲི་ཆེན་རིན་པོ་ཆེས་སྒྲུབ་མཛད་པའི་རི་ཁྲོད་ལོ་མ་གྱོན་མའི་འཁྲུས་ཆུའི་བྱིན་རླབས་གནང་བ་བཅས་ཀྱི་མདོ་དོན་ས་གནས་རྒས་འཁོགས་དང་ནད་པ་དམིགས་བསལ་དཀའ་ངལ་ཅན་རྣམས་ལ་དམིགས་བསལ་མཇལ་ཁ་སོགས་ས་གནས་མི་མང་རྣམས་དད་གུས་དང་དགའ་འཚོར་ཆེན་པོ་ཞུ་བཞིན་འདུག དེ་རྗེས་ས་གནས་ཆོལ་གསུམ་ཟློས་གར་དང་། ཉིན་སློབ་བཅས་ནས་རིག་གཞུང་འཁྲབ་སྟོན་སྤྱན་འབུལ་ཞུས་ཏེ་མཛད་རིམ་རེ་ཞིག་ལེགས་པར་གྲུབ། ཕྱི་དྲོ་ཚོུད་ ༤ ཐོག་ནག་པུར་རྒྱ་གར་ནང་ཤེས་ཡོན་ཅན་རྣམས་ལ་ནང་ཆོས་ངོ་སྤྲོད་ཀྱི་མཛད་རིམ་བསྐྱངས་། ཕྱི་ཚེས་ ༡༧ ཉིན་རྒྱབ་མཁའ་ལམ་བརྒྱུད་ཕྱིར་ཕེབས་ཡོད་པ་བཅས། །