ཕྱི་ལོ་ ༢༠༢༠ ཟླ་ ༢ ཚེས་ ༤ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༢ ཚེས་ ༤ ནས་ ༦ བར་ཉིན་གྲངས་གསུམ་རིང་རྒྱལ་སྤྱིའི་འབྲས་ནད་ཉིན་མོ་དང་བསྟུན་བཞུགས་སྒར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཆོས་རའི་ནང་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ནས་དཔལ་འབྱོར་དང་སྨན་ཞབས་པའི་མཐུན་འགྱུར་གནང་བ་དང་། ནད་སྐྱོབ་དགེ་རྩ་ཚོགས་པའི་གོ་སྒྲིག་འོག་རྒྱ་གར་གཞུང་གི་སྨན་ཁང་གྲགས་ཅན་ཨིམ་སིའི་ AIIMS སྨན་ཁང་གི་སྨན་པ་ཆེད་མཁས་པ་ཁག་གཅིག་གདན་ཞུ་གནང་སྟེ་རིན་མེད་སྨན་བཅོས་ཀྱི་མཐུན་འགྱུར་གནང་བཞིན་འདུག བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་འཕར་བྱམས་པ་ཕུན་ཚོགས་ལགས་ཀྱིས། དེ་རིང་རྒྱལ་སྤྱིའི་འབྲས་ནད་ཉིན་མོ་དང་བསྟུན་ནད་སྐྱོབ་དགེ་རྩ་ཚོགས་པའི་ངོས་ནས་བཞུགས་སྒར་རྡ་ས་ཁུལ་གྱི་མང་ཚོགས་ཚོར་དམིགས་ཏེ་རིན་མེད་སྨན་བཅོས་གོ་སྒྲིག་གནང་བ་ལྟར་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ནས་ལས་གཞི་འདིའི་སླད་དུ་དཔལ་འབྱོར་དང་སྨན་ཞབས་པའི་མཐུན་འགྱུར་གནང་ཡོད། ཅེས་གསུངས།
དེ་ཡང་གཞུང་འབྲེལ་མ་ཡིན་པའི་ནད་སྐྱོབ་དགེ་རྩ་ཚོགས་པ་ནི། སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དང་བླ་མ་བློ་བཟང་མཆོག་གི་ལམ་སྟོན་འོག་བསོད་ནམས་དབང་རྒྱལ་ལགས་ཀྱིས་ལྡི་ལི་བོད་སྒར་བསམ་ཡས་གླིང་དུ་ཕྱི་ལོ་༢༠༡༢ ལོར་བཙུགས་པ་ཞིག་ཡིན་ཞིང་། ནད་སྐྱོབ་དགེ་རྩ་ཚོགས་པའི་ངོས་ནས་ད་བར་བཙན་བྱོལ་བོད་མི་རྣམས་ལ་སྨན་བཅོས་ཀྱི་རོགས་རམ་དང་རྒྱ་གར་ནང་གི་སྨན་ཁང་ཚད་ལྡན་ཁག་ངོ་སྤྲོད། དེ་བཞིན་རྒྱ་གར་གྱི་སྨན་ཁང་དུ་སྨན་པར་བསྟེན་གཏུགས་བྱེད་སྐབས་ཧིན་སྐད་གོ་བརྡ་མ་འཕྲོད་པ་རྣམས་ལ་སྐད་སྒྱུར་སོགས་ཀྱི་ཞབས་འདེགས་ཞུས་དང་ཞུ་བཞིན་ཡོད་པ་རེད། ཐེངས་འདིའི་ནད་སྐྱོབ་དགེ་རྩ་ཚོགས་པའི་རིན་མེད་སྨན་བཅོས་ཀྱི་ལས་གཞིའི་ཆེད་ཨ་རིའི་རོགས་ཚོགས་ USAID དང་བོད་ཀྱི་ཐེབས་རྩ་ཁང་ The Tibet Fund གིས་དཔལ་འབྱོར་གྱི་མཐུན་འགྱུར་གནང་ཡོད་པ་བཅས།།