ཕྱི་ལོ་ ༢༠༢༠ ཟླ་ ༢ ཚེས་ ༡༧ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༢ ཚེས་ ༡༠ ནས་ ༡༤ བར་ཉིན་གྲངས་ལྔའི་རིང་སུད་སིའི་གྲོང་ཁྱེར་ཇི་ཝ་ནང་རྟེན་གཞི་བྱས་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གར་སོང་ཆ་མེད་དུ་གྱུར་བའི་ལས་དོན་ཚོགས་ཆུང་གྱི་ཚོགས་ཐེངས་ ༡༢༠ ཚོགས་པ་དང་བསྟུན། སུད་སིའི་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས་དང་། སྐལ་ལྡན་མཚོ་མོ་ལགས། འཕྲིན་ལས་ཆོས་སྐྱིད་ལགས་བཅས་ནས་འབྲེལ་ཡོད་ཚོགས་ཆུང་ལ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་ལྷག་པར་རྒྱ་ནག་གཞུང་གིས་བཙན་ཁྲིད་འོག་གར་སོང་ཆ་མེད་དུ་གྱུར་པའི་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གིས་གཙོས་བོད་མིའི་ཆབ་སྲིད་བཙོན་པ་རྣམས་ཀྱི་གནད་དོན་སྐོར་ཞུ་གཏུག་གནང་ཡོད།
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ཚོགས་ཆུང་གིས་རྒྱལ་ཚོགས་ཀྱི་གར་སོང་ཆ་མེད་དུ་གྱུར་བའི་ལས་དོན་ཚོགས་ཆུང་གི་ཚོགས་གཞོན་སྐུ་ཞབས་ Tae Uug Baik ལགས་དང་ཐུག་འཕྲད་ཀྱིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་བོད་མིའི་རང་ལུས་མེར་སྲེག་གི་གནད་དོན། ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནད་དོན་སོགས་ཀྱི་སྐོར་ཞུ་གཏུག་གནང་བ་མ་ཟད། རྒྱལ་ཚོགས་ནས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲད་དེ་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་ཡབ་ཡུམ་རྣམས་ཀྱིས་གཙོས་ད་བར་གར་སོང་ཆ་མེད་དུ་གྱུར་བའི་བོད་མི་རྣམས་ཀྱི་གནད་དོན་རྩད་གཅོད་མཐིལ་ཕྱིན་པ་གནང་སླད་རྒྱལ་ཚོགས་ཀྱི་རང་དབང་རྟོག་ཞིབ་ཚོགས་ཆུང་ཞིག་བོད་ནང་ཆེད་བསྐྱོད་གནང་དགོས་པ་དང་། དེ་བཞིན་རྒྱ་ནག་གཞུང་གིས་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་དང་། བོད་མི་བཙན་ཁྲིད་བྱེད་བཞིན་པ་འཕྲལ་དུ་མཚམས་འཇོག་བྱེད་དགོས་པའི་གནོན་ཤུགས་སྤྲད་རོགས་ཞེས་འབོད་སྐུལ་གནང་ཡོད།།