ཕྱི་ལོ་ ༢༠༢༠ ཟླ་ ༢ ཚེས་ ༡༢ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༢ ཚེས་ ༡༢ རེས་གཟའ་ལྷག་པ་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༤༥ ཐོག་བཞུགས་སྒར་བོད་ཀྱི་སྨན་རྩིས་ཁང་གི་ཚོགས་ཁང་དུ་བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་བཀྲ་ཤིས་ཚེ་རིང་ལགས་དང་། མ་ནི་པུར་རྒྱལ་སྤྱིའི་མཐོ་སློབ་ཀྱི་རིགས་བདག་སྐུ་ཞབས་ཧ་རི་ཀུ་མར་ Harikumar Pallathadka ལགས་དང་ཕྱག་སྦྲེལ། ༸རྒྱལ་བའི་བླ་ཞབས་པ་སྨན་རམས་པ་ཚེ་དབང་རྟ་མགྲིན་ལགས། བོད་ཀྱི་སྨན་རྩིས་ཁང་གི་དགེ་ལས་ཡོངས་དང་གསར་འགོད་པ་བཅས་ཚང་འཛོམས་ཐོག་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་།
སྐབས་དེར་བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་བཀྲ་ཤིས་ཚེ་རིང་ལགས་ཀྱིས་གསུང་དོན། རྣམ་པ་ལྷན་རྒྱས་དེ་རིང་འདིར་ལས་དོན་གལ་ཆེའི་ཐོག་ཕེབས་པར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་དང་སྦྲགས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་རིང་གསར་འགོད་གསལ་བསྒྲགས་བསྐོང་ཚོགས་གནང་དགོས་དོན་ནི། རྒྱ་གར་བྱང་ཤར་གྱི་མངའ་སྡེ་མ་ནི་པུར་དུ་ཡོད་པའི་མ་ནི་པུར་རྒྱལ་སྤྱིའི་མཐོ་སློབ་དང་བོད་ཀྱི་སྨན་རྩིས་ཁང་གཉིས་དབར་ཟུང་སྦྲེལ་གྱི་ལས་གཞི་ཐོག་མོས་མཐུན་གན་རྒྱ་བཞག་ཡོད།
དེ་སྔོན་ཕྱི་ལོ་ ༢༠༡༧ ལོར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མ་ནི་པུར་དུ་ཆིབས་སྒྱུར་བཀའ་དྲིན་བསྐྱངས་པ་མ་ཟད། ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༢༣ ཉིན་མགོན་པོ་གང་ཉིད་ཀྱིས་ཁུལ་དེར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་མཐོ་སློབ་ཁང་གི་ལས་དོན་ལ་བསྔགས་བརྗོད་མཛད་དོན། མཐོ་སློབ་དེས་མ་ནི་པུར་མངའ་སྡེ་སྤྱི་ལ་ཕན་པ་ཙམ་དུ་མ་ཟད། རྒྱ་གར་བྱང་ཤར་གྱི་ས་ཁུལ་ཡོངས་ལའང་ཕན་ཐོགས་བྱེད་བཞིན་ཡོད། ལྷག་པར་མཐོ་སློབ་ཏུ་བོད་ཀྱི་སྨན་རྩིས་ཡན་ལག་གསར་པ་ཞིག་འཛུགས་འཆར་ཡོད་འདུག ལས་གཞི་དེ་ལྟར་ཡོད་པ་ཤེས་སྐབས་ངོས་རང་དགའ་ཚོར་ཆེན་པོ་བྱུང་། སྨན་རྩིས་ཡན་ལག་གསར་པ་དེ་བརྒྱུད་ཡུལ་མི་ཚོར་སྨན་བཅོས་ཀྱི་ཐབས་ལམ་གསར་པ་ཞིག་ལོངས་སུ་སྤྱོད་རྒྱུའི་གོ་སྐབས་ཐོབ་རྒྱུ་ཡིན་སྟབས་ངོས་རང་དགའ་པོ་བྱུང་། ཞེས་བཀའ་སློབ་སྩལ་འདུག
བོད་ཀྱི་གསོ་བ་རིག་པའི་ཡན་ལག་གསར་འཛུགས་གནང་རྒྱུའི་ས་ཆ་དང་མཐུན་འགྱུར་ཡོངས་རྫོགས་མ་ནི་པུར་མཐོ་སློབ་ནས་གནང་རྒྱུ་དང་། བོད་ཀྱི་སྨན་རྩིས་ཁང་ནས་མིའི་མཐུན་འགྱུར་གང་དགོས་གཏོང་རྒྱུ་ཡིན་འདུག རྒྱ་གར་འཕགས་པའི་ཡུལ་དུ་བོད་ཀྱི་སྨན་རྩིས་ཁང་བཙུགས་ནས་ལོ་ངོ་ ༦༠ ལྷག་རིང་གཉིས་མོས་གན་ཡིག་དེ་ལྟར་བཞག་པ་ཆེས་ཐོག་མ་ཆགས་ཡོད་སྐོར་གསུངས། ཉེ་ཆར་ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༢༠ དང་ ༢༡ ཉིན་སྨན་རྩིས་ཁང་གི་འགན་འཛིན་བཀྲ་ཤིས་ཚེ་རིང་ལགས་ས་གནས་སུ་ཆེད་ཕེབས་ཀྱིས་མཐོ་སློབ་ཀྱི་ལས་གཞིར་གཟིགས་ཞིབ་དང་སྦྲགས། གནད་ཡོད་མི་སྣ་དང་ལྷན་དུ་གོ་བསྡུར་གནང་ཡོད་འདུག
དེ་ནས་མཐོ་སློབ་ཀྱི་རིགས་བདག་སྐུ་ཞབས་ཧ་རི་ཀུ་མར་ལགས་ཀྱིས་གསུང་དོན། དེ་རིང་གི་ཉིན་མོ་ནི། མ་ནི་པུར་མཐོ་སློབ་དང་བོད་ཀྱི་སྨན་རྩིས་ཁང་གཉིས་ཀྱི་དུས་ཚིགས་ཁྱད་པར་ཅན་ཞིག་ཆགས་ཡོད། ཐེངས་འདིར་ཚོགས་པ་གཉིས་ཟུང་སྦྲེལ་ཐོག་ནས་ལས་འགུལ་སྤེལ་བ་དེས་མ་འོངས་པར་གཞོན་སྐྱེད་ཚོར་མིག་དཔེ་འོས་པའི་ལོ་རྒྱུས་ཀྱི་བྱས་རྗེས་ཤིག་ཆགས་ཐུབ་རྒྱུའི་རེ་བ་ཡོད།
མ་ནི་པུར་རྒྱལ་སྤྱིའི་མཐོ་སློབ་ནི་མངའ་སྡེའི་གཞུང་གི་ངོས་འཛིན་ཐོབ་པའི་རང་སྐྱོང་སྡེ་ཚན་ཞིག་ཆགས་ཡོད། དེར་བརྟེན་ཁུལ་དེར་བོད་ཀྱི་སྨན་རྩིས་ཡན་ལག་ཁང་གསར་འཛུགས་གནང་ནས་སྨན་རྩིས་ཁང་དང་ལས་དོན་མཉམ་རུབ་གནང་རྒྱུ་རེད། དེར་བརྟེན་ངས་སླར་ཡང་ལས་གཞི་འདིར་དགའ་བསུའི་འཚམས་འདྲི་ཞུ་གི་ཡོད། བོད་ཀྱི་གསོ་བ་རིག་པ་ནི་འགྲོ་བ་མི་རིགས་ཀུན་གྱི་བདེ་དོན་ལ་དགོས་མཁོ་ཡོད་པའི་རིག་གནས་ཤིག་ཆགས་ཡོད། རིག་གནས་དེ་ཕ་མེས་ནས་བརྒྱུད་པའི་མེས་པོའི་ཤུལ་བཞག་ཅིག་ཡིན། དེར་བརྟེན་ང་ཚོས་རིག་གནས་དེ་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ་ཙམ་མ་ཟད། རྒྱལ་སྤྱིའི་ཁྲོད་དུའང་དར་སྤེལ་ཐུབ་པ་ཞིག་བྱེད་དགོས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་རིགས་རིག་གཞུང་དང་བཅས་པ་སྲུང་སྐྱོབ་ཆེད་སྐུ་ངལ་འཛེམས་མེད་ཀྱིས་ད་བར་ཐུགས་བརྩོན་ཧ་ཅང་མཛད་དང་མཛད་བཞིན་པ་དེས་ང་ཚོར་སེམས་འགུལ་ཧ་ཅང་ཐེབས་བྱུང་། ཞེས་གསུངས།
མཐོ་སློབ་དེར་སྨན་རྩིས་ཡན་ལག་གསར་འཛུགས་ཆེད་ས་ཆ་ཨེ་ཀར་ ༢༥༠༠ གནང་རྒྱུ་ཡིན་སྐོར་སོགས་གསུང་རྗེས་གསར་འགོད་པའི་དྲི་བར་ལན་འདེབས་གསལ་བཤད་གནང་གྲུབ་མཚམས། ཁོང་རྣམ་གཉིས་ཀྱིས་གསོ་བ་རིག་པའི་ཐོག་ཟུང་སྦྲེལ་གྱི་གཉིས་མོས་གན་ཡིག་ལ་མཚན་རྟགས་བཀོད་དེ་གསར་འགོད་གསལ་བསྒྲགས་གྲོལ་ཡོད།
དེ་ཡང་ལས་གཞི་དངོས་སུ་དབུ་འཛུགས་གནང་རྒྱུའི་དུས་ཚོད་ནི་ཕྱི་ཟླ་ ༤ ནང་ཡིན་ཞིང་། ཕྱི་ཟླ་ ༣ ཚེས་ ༡ ཉིན་མ་ནི་པུར་མངའ་སྡེའི་རྒྱལ་ས་ཨིམ་པལ་དུ་རྟེན་གཞི་བྱས་པའི་མ་ནི་པུར་རྒྱལ་སྤྱིའི་མཐོ་སློབ་ཏུའང་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་གསར་པ་ཞིག་སྒོ་འབྱེད་གནང་རྒྱུ་ཡིན་འདུག་པ་བཅས། །