ཕྱི་ལོ་ ༢༠༢༠ ཟླ་ ༢ ཚེས་ ༡༢ རེས་གཟའ་ལྷག་པ།
༄༅། །ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་གྲོས་ཚོགས་འཐུས་མི་རྣམ་པ་དང་། ཨ་རིའི་ཕྱི་སྲིད་ལས་ཁུངས། དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་གནད་ཡོད་མི་སྣ་སོགས་དང་ཐུག་འཕྲད་སླད་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་ཕེབས་འབྱོར་གནང་ཡོད།
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཨ་རིའི་གནམ་ཐང་དུ་ཕེབས་འབྱོར་སྐབས་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་དང་། དྲུང་ཆེ་བཀྲ་ཤིས་དོན་གྲུབ་ལགས། སྐལ་བཟང་སྒྲོལ་མ་ལགས་བཅས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད། མཛད་འཆར་གལ་ཆེན་ཁག་གཅིག་ཡོད་པའི་ཁྲོད་ནས་དང་པོ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཨ་རིའི་རྒྱལ་ཡོངས་མང་གཙོ་ཡར་རྒྱས་བསྟི་གནས་ཁང་ National Endowment for Democracy གི་ཚོགས་མི་པདྨ་ལགས་དང་ཐུག་འཕྲད་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་མ་འོངས་པར་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང་མཉམ་འབྲེལ་ཐོག་ལས་དོན་གནང་སྤེལ་ཕྱོགས་སྐོར་གྲོས་བསྡུར་ལྷུག་པོར་གནང་ཡོད།
དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་སྲུང་སྐྱོབ་ལྷན་ཁང་གི་ཆེས་མཐོའི་སྐུ་ཚབ་སེ་མུལ་བྷི་རོན་བྷད་ཁི་ Samuel D. Brownback མཆོག་དང་ཐུག་འཕྲད་གནང་ཡོད་པ་དང་། སྐུ་ཞབས་སེ་མུལ་བྷི་རོན་བྷད་ཁི་མཆོག་ནི་བོད་མིའི་ཆོས་དད་རང་དབང་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཞིག་དང་། ལྷག་པར་ན་ནིང་ལོར་བཞུགས་སྒར་རྡ་སར་བོད་མིའི་སྒྲིག་འཛུགས་ཀྱིས་ཆེད་མངགས་གདན་འདྲེན་ཞུས་པ་བཞིན་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་ཏེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུས་པ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་གནང་ཕྱོགས་ལ་རྗེས་སུ་ཡི་རང་དང་བསྔགས་བརྗོད་ཀྱང་ཞུས་ཡོད། །