ཕྱི་ལོ་ ༢༠༢༠ ཟླ་ ༢ ཚེས་ ༡༧ རེས་གཟའ་ཟླ་བ།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༠ ཟླ་ ༢ ཚེས་ ༡༥ ཉིན་རྒྱ་གར་ལྷོ་ཕྱོགས་གྲོང་ཁྱེར་སྦེང་ལོར་དུ་རྟེན་གཞི་བྱས་པའི་ཏཱ་ལའི་བླ་མའི་མཐོ་རིམ་སློབ་གཉེར་ཁང་དུ་བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་སྐབས་བཅུ་བཞི་པའི་གོ་སྒྲིག་ཚོགས་ཆུང་ནས་འཇིག་རྟེན་བཟང་སྤྱོད་ཀྱི་གལ་གནད་སྐོར་ལ་བགྲོ་གླེང་ལྷན་ཚོགས་ཤིག་གོ་སྒྲིག་ཞུས་གནང་ཡོད་འདུག
སྐབས་དེའི་བགྲོ་གླེང་ལྷན་ཚོགས་ཀྱི་དབུ་འབྱེད་མཛད་སྒོའི་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་སྐུ་མགྲོན་གཙོ་བོར་གདན་ཞུས་ལྟར་ཆེད་ཕེབས་ཀྱིས་ ༼ བཟང་སྤྱོད་ཀྱི་བྱུང་རིམ་དང་། བཟང་སྤྱོད་ཟེར་བ་དེ་ཅི་འདྲ་གལ་ཆེན་ཡིན་མིན། དེ་བཞིན་བཟང་སྤྱོད་ཀྱིས་འཇིག་རྟེན་སྤྱི་ལ་ཇི་ལྟར་ཕན་ཐོགས་ཐུབ་བམ། ༽ ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་དོན། དེ་རིང་འཇིག་རྟེན་བཟང་སྤྱོད་ཀྱི་བགྲོ་གླེང་ལྷན་ཚོགས་ཀྱི་དབུ་འབྱེད་མཛད་སྒོར་ཐོག་མར་ངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་ཚང་མར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
རྩ་བའི་དེ་རིང་གི་བརྗོད་གཞི་དེ་གཏིང་ཟབ་པོ་ཞིག་དང་། ཚང་མས་གསུང་ཐུབ་རྒྱུ་ཞིག་མ་རེད། ངས་གཏམ་བཤད་ཞུ་རྒྱུའི་བརྗོད་གཞི་དེར་གཙོ་བོ་ཆོས་འཇིག་རྟེན་གཉིས་ཀྱི་ཐོག་ནས་ཤོད་དགོས་ཀྱི་ཡོད་སྟབས། འཇིག་རྟེན་པའི་ཐོག་ནས་བཤད་ན། མི་རིགས་དང་རྒྱལ་ཁབ། སྤྱི་ཚོགས་བཅས་ཀྱི་རྩ་ཁྲིམས་དང་། དེ་བཞིན་བསྟི་གནས་ཁང་སོ་སོའི་ཁྲིམས་དང་སྒྲིག་གཞི་གང་ཡོད་པ་ཆ་ཚང་སོ་སོས་སྲུང་བརྩི་ཞུས་པ་ཡིན་ན་རང་ཉིད་ལ་ཉེས་པ་ཕོག་རྒྱུ་མེད་པ་དང་། སུ་གང་གིས་བསྙོན་འཛུགས་བྱེད་མཁན་མེད་པ་ཞིག་ཡོང་གི་རེད། གཉིས་པ་ཆོས་ཕྱོགས་ཐོག་ནས་བཤད་པ་ཡིན་ན། ང་ཚོ་བཟང་སྤྱོད་ཟེར་རྒྱུ་དེ་རེད། བཟང་ཟེར་བ་དེ་ཡག་པོ་དང་། ལེགས་པོ་ལ་གོ་དགོས་ཀྱི་ཡོད་པ་དང་། སྤྱོད་ཟེར་བ་དེར་བཟང་ཕྱོགས་དང་། ངན་ཕྱོགས་གཉིས་ཀའི་ཐོག་ནས་བལྟ་རྒྱུ་ཡོད། དེ་རིང་འདིར་ངས་ཤོད་རྒྱུ་དེ་བཟང་ཕྱོགས་ནས་ཤོད་དགོས་པ་ཞིག་ཆགས་ཀྱི་ཡོད་རེད། དེའང་བཟང་སྤྱོད་ལ་གཙོ་བོ་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་འཁྱེར་སྟངས་ཡོད་པ་དང་། དེའི་ནང་ནས་གཙོ་བོ་ཡིད་ཀྱི་ཐོག་ནས་ཀུན་སློང་གལ་ཆེན་པོ་རེད། འགྲོ་བ་མི་ཙམ་མ་ཡིན་པར་སེམས་ཅན་ཐམས་ཅད་ལ་བྱམས་དང་སྙིང་རྗེ། བརྩེ་བ་དགོས་པ། རང་དོན་བཞག་ནས་གཞན་དོན་གཙོ་བོར་འཛིན་ཏེ། ཤེས་ཡོན་སློབ་སྦྱོང་གང་སྦྱོང་གི་ཡོད་རུང་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་མ་འོངས་པར་ངས་སྤྱི་ཚོགས་ལ་ཕན་པའི་ལས་ཀ་ཞིག་བྱེད་ཀྱི་ཡིན་བསམ་པའི་ཀུན་སློང་འཁྱེར་དགོས།
དེ་བཞིན་རྒྱ་གར་གྱི་མེས་པོ་དམ་པ་བདག་ཉིད་ཆེན་པོ་གྷན་དི་མཆོག་དང་། རྒྱ་གར་གྱི་མཁས་དབང་སྐུ་ཞབས་ཀིར་ཥན་མུརྟི་ Shri. J. Krishnamurthy མཆོག་དམ་པ་རྣམ་གཉིས་ཀྱི་སྐུ་ཚེའི་ལོ་རྒྱུས་ནས་བཟང་སྤྱོད་ཐོག་ལ་བསླབ་བྱ་མང་པོ་ལེན་རྒྱུ་ཡོད་རེད། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྟོང་ལོ་གསར་པའི་བཟང་སྤྱོད་ Ethics of the new millennium ཞེས་པའི་ལྗགས་དེབ་བརྩམས་གནང་ཡོད་པར། རྣམ་པ་ཚོ་ཚང་མས་དེ་ཀློག་དགོས་ཀྱི་རེད། གཞི་རྩའི་སྤྱི་ཚོགས་དང་། ས་གནས་གང་འདྲ་ཞིག་ལ་ཕྱག་ལས་གནང་གི་ཡོད་ནའང་། བཟང་པོ་དང་། གཞན་ཕན་བྱེད་རྒྱུའི་བསམ་བློ་གཏོང་བ་ཡིན་ན། རང་ཙམ་མ་ཡིན་པར་གཞན་ལའང་བདེ་བ་ཡོང་གི་རེད། སངས་རྒྱས་ཀྱི་ཆོས་ལ་ཆ་བཞག་པ་ཡིན་ན། ཚང་མ་རྟག་པ་བརྟན་པ་མེད་པ་དང་། འགྱུར་ལྡོག་ཅན། མི་རྟག་པ་སོགས་གསུང་ཡོད་རེད། བྱ་དངོས་གང་དང་གང་གི་སྟེང་དུ་སྣང་ཚུལ་རྫུན་མ་ཞིག་དང་། གནས་ཚུལ་ངོ་མ་ཞིག་བཅས་གཉིས་ཡོད། ཆོས་གང་ཞིག་ང་ཚོའི་བློའི་སྣང་ཚུལ་ལ་བདེན་པར་གྲུབ་པ་སྣང་གི་ཡོད་ཀྱང་། དངོས་ཡོད་གནས་ཚུལ་ལ་བཙལ་བ་ཡིན་ན་གང་ཡང་རྙེད་རྒྱུ་མེད་པ་སྣང་ཚུལ་རྫུན་མ་ཆགས་འགྲོ་གི་ཡོད། དེ་བཞིན་སྔ་ཕྱི་མ་གཏོགས་ང་ཚོ་ཚང་མ་འཇིག་རྟེན་དེ་བཞག་ནས་འགྲོ་དགོས་པའི་བསམ་བློ་གཏོང་དགོས།
དེ་འདྲ་བའི་བསམ་བློ་ཡང་ཡང་འཁོར་བ་ཡིན་ན་ང་ཚོའི་ལས་དོན་ཡག་པོ་དང་། གཞན་ཕན། བཟོད་བསྲན་སོགས་བྱེད་ཐུབ་པ་དང་། ཆགས་སྡང་ཞེས་པ་དེ་ཡོང་གི་མ་རེད། དེ་ནས་ལུས་ཀྱི་རྣམ་འགྱུར་དེའང་གལ་ཆེན་པོ་ཡིན་ཞིང་། གཞན་ལ་གུས་བརྩི་ལྡན་པ་དང་། ཉམ་ཆུང་། ཡ་རབས་བྱེད་དགོས་པ་དང་། ངག་གི་ཐོག་ནས་གཞན་ལ་ཚིག་སྙན་པོ་དང་། བཟང་པོ། དོན་དང་ལྡན་པའི་སྐད་ཆ་ཤོད་རྒྱུ་སོགས་ངག་གི་སྤྱོད་ལམ་ཡག་པོ་འཁྱེར་དགོས། གང་ལྟར་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་ཚུལ་དང་ལྡན་པ་ཞིག་བྱེད་ཐུབ་ན་འཇིག་རྟེན་བཟང་སྤྱོད་རང་བཞིན་གྱི་ཆགས་ཡོང་གི་རེད། སངས་རྒྱས་ཆོས་ལུགས་ཙམ་མ་ཡིན་པར། ཡི་ཤུ་དང་། ཧིན་དུ། ཁ་ཆེ་སོགས་ཆོས་ལུགས་གཞན་ལའང་ད་མཚུངས་བཟང་སྤྱོད་སྐོར་ཉམས་ལེན་གནང་སྟངས་གསུངས་ཡོད་དུས། ཚང་མས་དེ་དག་སོ་སོའི་མི་ཚེའི་ནང་ཉམས་ལེན་གནང་དགོས་རྒྱུ་ཧ་ཅང་གི་གལ་ཆེན་པོ་ཡིན་པ་སོགས་གསུངས་གནང་ཡོད་པ་དང་། དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་པར་བསྐྲུན་ཞུས་པའི་བོད་དོན་དང་འབྲེལ་བའི་ཡིག་ཆ་ཁག་ཚོགས་བཅར་བ་སློབ་ཕྲུག་ཉིས་བརྒྱ་ལྷག་ཙམ་ཡོད་པ་རྣམས་ལ་འགྲེམ་སྤེལ་གནང་རྗེས་དབུ་འབྱེད་མཛད་སྒོ་གྲུབ་གནང་ཡོད་འདུག
དེ་རྗེས་ཏཱ་ལའི་བླ་མའི་མཐོ་རིམ་སློབ་གཉེར་ཁང་གི་ངེས་སྟོན་པ་འབུམ་རམས་པ་བུ་མོ་ཚེ་རིང་ལགས་ཀྱིས་མཐོ་སློབ་ཀྱི་སློབ་དགེ་ཚོར་གསུང་བཤད་གནང་རྒྱུའི་འབོད་སྐུལ་ཞུས་དོན་བཞིན། སྐབས་དེར་དཔལ་ལྡན་ཚོགས་གཞོན་མཆོག་གིས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་དང་། གཞིས་བཞུགས་བོད་མི་ཚོས་བོད་ནང་རང་གི་སྐུ་ལུས་ཚུན་ཆད་བློས་བཏང་ནས་རྒྱ་ནག་གཞུང་ལ་གདོང་ལེན་གནང་གི་ཡོད་པ་སོགས་བོད་ནང་གི་ད་ལྟའི་ཛ་དྲག་གནས་བབ། བཙན་བྱོལ་ནང་ཕྱི་ལོ་ ༡༩༥༩ ནས་ ༧༠ བར་བོད་མིའི་སྤྱི་ཚོགས་སྲ་བརྟན་ཡོང་ཐབས་དང་། ཕྱི་ལོ་ ༡༩༧༠ ནས་ ༨༠ བར་ཚགས་ཚུད་བཟོ་ཐབས། ད་ལྟའི་དུས་ཚོད་ལ་གཞིས་ཆགས་སོགས་སྲ་བརྟན་དང་ཚགས་ཚུད་གནས་དང་མི་གནས་སོགས་ཀྱི་གང་ལ་ཕྱག་ལས་གནང་བཞིན་ཡོད་སྐོར་སོགས་གཙོ་བོ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བཀའ་དྲིན་ཁོ་ན་ཡིན་པ།
ད་ལྟ་རང་ཉིད་སྤྱི་པའི་འགན་ག་རེ་འཁྱེར་གྱི་ཡོད་ནའང་དེ་སོ་སོའི་ལས་འགན་ཞིག་ཡིན་བསམ་པའི་ཐོག་ནས་ལས་ཀ་བྱེད་དགོས་གནས། མང་གཙོའི་ལྟ་གྲུབ་ཁག་འདྲ་མིན་ཐོག་ལ་བགྲོ་གླེང་བྱེད་དགོས་པ་གལ་ཆེན་ཡིན་ལུགས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ལྗགས་རྩོམ་གནང་བའི་ཕྱག་དཔེ་དང་། རྒྱ་གར་གྱི་མཁས་དབང་སྐུ་ཞབས་ཀིར་ཥན་མུརྟི་ལ་སོགས་པས་བརྩམས་པའི་དེབ་དེ་འདྲ་ཀློག་གནང་དགོས་པ། ད་ལྟའི་བོད་པའི་མི་ཐོག་དེ་ལ་འགན་ཆེན་པོ་ཞེ་དྲག་ཡོད་དུས། བོད་པ་ཚད་ལྡན་ཞིག་དང་། འཐབ་རྩོད་པ་ཚད་ལྡན་ཞིག་ཡོང་དགོས་སྐོར་སོགས་གསུངས་གནང་ཡོད་པ་དང་། དེ་ནས་མཐོ་སློབ་ཀྱི་ངེས་སྟོན་པས་སློབ་གྲྭའི་དགེ་སློབ་ཡོངས་རྫོགས་ཀྱི་ཚབ་ཞུས་ཏེ། དཔལ་ལྡན་ཚོགས་གཞོན་མཆོག་གིས་བཀའ་སློབ་གནང་བར་ཐུགས་རྗེ་ཆེ་ཞེས་ཞུས་གནང་ཡོད་འདུག་པ་བཅས། །