ཕྱི་ལོ་ ༢༠༢༠ ཟླ་ ༢ ཚེས་ ༡༩ རེས་གཟའ་ལྷག་པ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་ཐའེ་ཝན་ནང་བསྟན་མཐུན་ཚོགས་ Buddhist Association of the Republic of China,Taiwan ཀྱི་ཚོགས་གཙོ་ཟུར་པ་དང་། ཐའེ་ཝན་གོང་ཏིག་ Kung Teh དགོན་པའི་མཁན་པོ་ཅིན་ཤིན་ Ching Hsin མཆོག་དགུང་ལོ་ ༩༡ ཐོག་དགོངས་པ་རྫོགས་པར་ཐུགས་གསོའི་གསུང་འཕྲིན་ཞིག་གནང་བའི་ནང་འཁོད་དོན།
ཕྱི་ལོ་ ༢༠༢༠ ཟླ་ ༢ ཚེས་ ༡༥ ཉིན་ཐའེ་ཝན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་དང་ཐའེ་ཝན་ནང་པའི་དབུ་ཁྲིད་ཅིན་ཤིན་མཆོག་སྐུ་ཚེའི་འཕེན་པ་རྫོགས་པའི་གནས་ཚུལ་གོ་ཐོས་བྱུང་བས་རང་ཉིད་ཧ་ཅང་བློ་ཕམ་བྱུང་། བོད་མིའི་སྒྲིག་འཛུགས་དང་བོད་བརྒྱུད་ནང་བསྟན་གྱི་ཚབ་ཞུས་ཏེ་ཞིང་གཤེགས་དམ་པ་དེ་ཉིད་ཀྱི་སློབ་མ་དང་། གཉེན་ཉེ་དུ། རྗེས་འབྲང་པ་ཀུན་ལ་ཁ་ཞེ་གཉིས་མེད་ཀྱི་སྒོ་ནས་ཐུགས་གསོ་ཞུ་བ་དང་སྦྲགས་ང་ཚོའི་ངོས་ནས་དམ་པ་དེ་ཉིད་རྣམ་མཁྱེན་རྒྱལ་བའི་གོ་འཕང་འཐོབ་པའི་སྨོན་ལམ་འདེབས་རྒྱུ་ཡིན།
ཞིང་གཤེགས་དམ་པ་དེ་ཉིད་ཀྱིས་སྐུ་ཚེ་ཧྲིལ་པོར་ཐའེ་ཝན་ནང་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་གནང་སྟེ་མཛད་རྗེས་བླ་ན་མེད་པ་བཞག་ཡོད་པ་དེ་ནི་ཞིང་གཤེགས་དམ་པ་དེ་ཉིད་ཀྱི་སྐུ་ཚེའི་ནང་གི་མཛད་རྗེས་གལ་ཆེ་ཤོས་ཤིག་ཆགས་ཀྱི་ཡོད། དེ་ཙམ་དུ་མ་ཟད། ཞིང་གཤེགས་དམ་པ་དེ་ཉིད་དང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བོད་མིའི་དབར་ཐུན་མོང་མ་ཡིན་པའི་དམིགས་བསལ་གྱི་ལས་འབྲེལ་ཡོད། མཁན་པོ་ཅིན་ཤིན་མཆོག་གིས་ཐའེ་ཝན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོའི་ཐུགས་འགན་བཞེས་པའི་སྐབས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༡༩༩༧ དང་ ༢༠༠༡ ལོར་ཐའེ་ཝན་ནང་གདན་ཞུའི་གསོལ་བ་བཏབ་པ་ལྟར། མགོན་པོ་གང་ཉིད་མཆོག་གིས་ཞལ་བཞེས་མཛད་དེ་ཐའེ་ཝན་ནང་ལོ་རྒྱུས་རང་བཞིན་ལྡན་པའི་ཐེངས་གཉིས་ཆིབས་སྒྱུར་བསྐྱངས་ཡོད། སྐབས་དེར་ཞིང་གཤེགས་དམ་པ་དེ་ཉིད་ཀྱིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཆིབས་སྒྱུར་གྲ་སྒྲིག་འཐུས་སྒོ་ཚང་བ་ཞིག་ཞུས་ཡོད།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཐའེ་ཝན་ནང་ཐེངས་གཉིས་ཆིབས་སྒྱུར་མཛད་ཐུབ་པ་ནི། བོད་དང་ཐའེ་ཝན་ཕྱོགས་གཉིས་ཕན་ཚུན་མཛའ་མཐུན་གྱི་འབྲེལ་བའི་ཁྲོད་བྱུང་བ་གལ་ཆེན་ཞིག་ཆགས་ཡོད་པ་མ་ཟད། བོད་དང་ཐའེ་ཝན་མི་མང་དབར་བསམ་ཤེས་དང་མཛའ་སེམས་ཀྱང་མཚོན་གྱི་ཡོད། དེར་བརྟེན་ང་ཚོས་ཞིང་གཤེགས་དམ་པ་མཁན་པོ་ཅིན་ཤིན་མཆོག་གིས་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་། ཡང་སྒོས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཐའེ་ཝན་ནང་གདན་ཞུ་གནང་སྟེ། ཞབས་འདེགས་རླབས་ཆེན་ཞུས་པར་རྗེས་སུ་ཡི་རངས་དང་བསྔགས་བརྗོད་ཞུ་རྒྱུ་ཡིན། མཐའ་དོན་ཞིང་གཤེགས་དམ་པ་དེ་ཉིད་རྣམ་མཁྱེན་རྒྱལ་བའི་གོ་འཕང་འཐོབ་པ་དང་ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པའི་སྨོན་འདུན་དང་བཅས། །