ཕྱི་ལོ་ ༢༠༢༠ ཟླ་ ༢ ཚེས་ ༦ རེས་གཟའ་ཕུར་བུ།
༄༅། །ཉེ་ལམ་རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་ཐོག་མར་འགོ་བཙུགས་ཏེ་འཛམ་གླིང་སྤྱི་དང་། ལྷག་པར་བོད་ནང་ཏོག་དབྱིབས་ནད་དུག་ཁྱབ་གདལ་འགྲོ་བཞིན་ཡོད་པར་བརྟེན། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གཞིས་བཞུགས་བོད་མི་ཡོངས་ནས་ཏོག་དབྱིབས་ནད་དུག་སྔོན་འགོག་སླད་ཐུགས་གཟབ་དགོས་སྐོར་གསུང་དོན།
རྒྱ་ནག་ནང་ཏོག་དབྱིབས་ནད་དུག་ཧ་ཅང་ཁྱབ་སྟེ་ད་ཆ་བོད་མཐོ་སྒང་དུའང་སླེབས་ཚར་བའི་གནས་ཚུལ་འདུག དེར་བརྟེན་གཞིས་ལུས་བོད་རིགས་སྤུན་ཟླ་ཚོ་སེམས་ཁྲལ་དང་དངངས་འཚབ་ཧ་ཅང་ངང་གནས་ཡོད། ཉེན་ཁ་ཏན་ཏན་ཡོད། ངའི་རེ་བར་ནད་ཡམས་དེ་རིམ་བཞིན་ཉུང་དུ་འགྲོ་ངེས་ཡིན་སྟབས་ཁྱེད་རྣམ་པས་ཐུགས་འཚབ་མ་གནང་བར་སྔོན་འགོག་གི་ཐབས་ལམ་ཐོག་ཡིད་གཟབ་གནང་དགོས་པ་ཧ་ཅང་གལ་ཆེན་པོ་རེད། ཅེས་ཞུ་རྒྱུ་དང་།
འདིར་བཙན་བྱོལ་དུ་བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་ཁག་ཚང་མས་དགོན་སྡེ་སོ་སོའི་ནང་རིམས་ནད་ཞི་བར་སྨོན་ལམ་གསུང་འདོན་གནང་བཞིན་ཡོད། ལྷག་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ནད་ཡམས་དེའི་ཐད་ལམ་སྟོན་བཀའ་སློབ་ཞིག་ཀྱང་སྩལ་ཡོད། བཀའ་སློབ་དེ་དག་སྙིང་བཅངས་ཐོག་ནད་ཡམས་དེར་སྔོན་འགོག་འབྱུང་བཅོས་ལ་སྨན་སླད་ཐབས་ལམ་ཇི་དགེ་ངེས་པར་ལག་བསྟར་གནང་རོགས། ང་རང་ཉེ་ཆར་རྒྱ་གར་གྱི་གནས་མཆོག་རྡོ་རྗེ་གདན་དུ་བསྐྱོད་དེ་རིམས་ནད་ཞི་བར་སྨོན་ལམ་རྒྱག་སྐབས་བོད་ནང་གི་བོད་མི་ཚོར་ཡང་དམིགས་པ་བྱས་པ་ཡིན། དེར་བརྟེན་ཚང་མས་ནད་གཞི་སྔོན་འགོག་སླད་ཡིད་གཟབ་དང་སྨོན་ལམ་ཡག་པོ་བསྐྱོན་རོགས་གནང་། ཞེས་ཞུ་རྒྱུ་ཡིན། །