ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༢༩ རེས་གཟའ་ལྷག་པ།
༄༅། །འདི་གར་ཨོ་སི་ཀྲོ་ལི་ཡ་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཨོ་སི་ཀྲོ་ལི་ཡ་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་ཁྱབ་ཁོངས་བོད་ཀྱི་རིག་གཞུང་བསྟི་གནས་ཁང་དང་། ཨོ་གླིང་རྒྱལ་ས་ཁེན་བྷེ་རར་རྟེན་གཞི་བྱེད་པའི་གོ་ལ་ཀུན་ཁྱབ་བོད་ཀྱི་རིག་གཞུང་ཁང་ཐུན་མོང་ནས་གོ་སྒྲིག་ཞུས་པའི་ཨོ་གླིང་བོད་ཕྲུག་གཞོན་སྐྱེས་ཚོར་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག མ་འོངས་མདུན་ལམ་སྐོར་གྱི་ཟབ་སྦྱོང་དེ་བཞིན་ཕྱི་ཟླ་ ༡ ཚེས་ ༢༤ ནས་ ༢༦ བར་ཉིན་གཉིས་དང་ཕྱེད་རིང་ཨོ་གླིང་རྒྱལ་ས་ཁེན་བྷེ་རར་འཚོགས་ཡོད།
དེ་ཡང་ཕྱི་ཚེས་ ༢༤ ཉིན་གྱི་སྔ་དྲོ་ནས་ཨོ་གླིང་ས་གནས་གང་སར་ཕེབས་པའི་གཞོན་སྐྱེས་ཚོ་རིམ་བཞིན་གནམ་གྲུ་དང་། མེ་འཁོར། སྤྱི་སྤྱོད་རླངས་འཁོར། སྒེར་འཁོར་སོགས་འགྲིམ་འགྲུལ་སྣ་རིགས་བརྒྱུད་ཟབ་སྦྱོང་སྤྲོད་ཡུལ་ཨོ་གླིང་རྒྱལ་ས་ཁེན་བྷེ་རར་འབྱོར་སྐབས། གོ་སྒྲིག་པ་ཐུན་མོང་དང་། ཁེན་བྷེ་ར་བོད་རིགས་མཐུན་ཚོགས་ནས་སྒེར་འཁོར་མང་པོ་གོ་སྒྲིག་ཞུས་ཏེ་གཞོན་སྐྱེས་རྣམས་ཟབ་སྦྱོང་སྤྲོད་ཡུལ་སམ་སྒྲམ་གསོལ་མགྲོན་ཁང་དུ་བསུ་ལེན་ཞུས་རྗེས། རིམ་བཞིན་འབྱོར་ཐོ་འགོད་པ་དང་འབྲེལ་ཉིན་གུང་ཞལ་ལག་དང་། ཉིན་རྒྱབ་ཆུ་ཚོད་ ༢ པའི་ཐོག་ཐོ་འདེམས་གཞིར་བཟུང་མགྲོན་ཁང་དུ་འཛུལ་ཞུགས་ཞུས་ཡོད།
ཉིན་རྒྱབ་ཆུ་ཚོད་ ༣ པའི་ཐོག་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱི་གཙོ་སྐྱོང་འོག་ཟབ་སྦྱོང་དངོས་སུ་འགོ་འཛུགས་ཞུས་པ་དང་། ཐོག་མ་དོན་ཁང་གི་དྲུང་ཆེ་ལྷ་དབང་རྒྱལ་པོ་ལགས་ནས་བོད་ཨིན་གཉིས་ནང་ཟབ་སྦྱོང་གི་མཛད་རིམ་ངོ་སྤྲོད་ཞུས་ཅིང་། དེ་ནས་སྐུ་ངོ་དོན་གཅོད་མཚོ་སྒོ་ལྷག་པ་ལགས་ཀྱིས་ལོ་རྒྱུས་ཐོག་ནས་བོད་ཀྱི་གནས་བབ་དང་། རྒྱ་དམར་གཞུང་གི་བོད་ལ་བཙན་འཛུལ་བྱས་རྗེས་ཡ་ང་ཛ་དྲག་གི་གནས་སྟངས་འོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུས་བོད་ཀྱི་ཁྲིམས་མཐུན་གཞུང་བཙན་བྱོལ་དུ་ཕེབས་དགོས་པའི་རྒྱུ་རྐྱེན་སོགས་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ལས། ད་ཐེངས་ཟབ་སྦྱོང་འདི་འདྲ་ཞིག་ཕུལ་དགོས་པའི་དགོས་དམིགས་རྒྱུ་མཚན་སོགས་གསལ་ཞིང་རྒྱས་པའི་དབུ་འབྱེད་གསུང་བཤད་གནང་གྲུབ་མཚམས། ཟབ་སྦྱོང་དུ་ཞུགས་མཁན་རྣམས་གཉའ་ཁྲི་དང་། ཁྲི་སྲོང་། ཁྲི་རལ་བཅས་ཁམས་ཚན་གསུམ་དུ་བགོས་ཡོད་པ་ལྟར། ཆུ་ཚོད་ཕྱེད་རིང་ཁམས་ཚན་སོ་སོས་ནང་ཁུལ་ཕན་ཚུན་རྩེད་རིགས་དང་། གཞས་ཞབས་བྲོ། གཞན་ཡང་ཟབ་སྦྱོང་ལ་དགོངས་འཆར་ཇི་ཡོད། ཁམས་ཚན་སོ་སོའི་རྒན་བདག་གདམས་པ་སོགས་ཀྱི་ལས་རིམ་སྒྲིག་དང་།
ཉིན་རྒྱབ་ཆུ་ཚོད་ ༤ པར་ཟབ་སྦྱོང་ཚོགས་ཐུན་དང་པོ་འགོ་འཛུགས་ཞུས་ཡོད་པ་དང་། ཟབ་སྦྱོང་གནང་མཁན་ནི་བོད་མིའི་སྒྲིག་འཛུགས་ཀྱི་ ༥་༥༠ ལས་འཆར་གྱི་གཞོན་སྐྱེས་ཚོགས་སྡེའི་ཨོ་གླིང་འབྲེལ་མཐུད་པ་དང་ཝེ་ཊོ་རེ་ཡ་གཙུག་ལག་སློབ་གཉེར་ཁང་དུ་ཁྲིམས་ཀྱི་སློབ་སྦྱོང་གནང་བཞིན་པ་མགོན་པོ་བཀྲ་ཤིས་ལགས་ཡིན་ཅིང་། ཁོང་གིས་ ༥་༥༠ ལས་འཆར་གྱི་ངོ་བོ་དང་ཆ་ཤས་ལེན་ཐབས་སྐོར་བལྟ་བདེ་རི་མོའི་ལམ་ནས་ངོ་སྤྲོད་ཞུས་རྗེས། ༥་༥༠ ལས་འཆར་སྐོར་ཟབ་སྦྱོང་དུ་ཞུགས་མཁན་གཞོན་སྐྱེས་ཚོའི་རྣམ་དཔྱོད་རྩལ་དུ་བཏོན་ཏེ་མ་འོངས་ལས་འཆར་སྒྲིག་ཆེད། ཁམས་ཚན་ཁག་སོ་སོའི་ནང་ལས་འཆར་སྒྲིག་སྟེ་ཚོགས་མི་རྣམ་པས་ཚོགས་ཐོག་ངོ་སྤྲོད་གནང་བར་གཞོན་སྐྱེས་ཚོ་མཉམ་ཞུགས་ཀྱི་འདུན་པ་ཤུགས་ཆེར་འཕེལ་ཏེ། ཆུ་ཚོད་གཅིག་རིང་གི་ཟབ་སྦྱོང་ཆུ་ཚོད་གཉིས་ཙམ་འགོར་ཡོད་ཀྱང་ཉོབ་སྣང་རྩ་ནས་མེད་པར་ཚང་མས་བགོད་སྒྲ་དང་བཅས་མ་འོངས་བོད་ཀྱི་རྩ་དོན་ཆེད་དུ་དགོངས་འཆར་འདྲ་མིན་སྤུངས་ཡོད།
དགོང་མོའི་ཞལ་ལག་རྗེས་སུ་ཆུ་ཚོད་ ༧ པ་ནས་ ༩ པའི་བར་ཟབ་སྦྱོང་ཚོགས་ཐུན་གཉིས་པ་དེ་བོད་ཀྱི་ཐུན་མིན་གླུ་གཞས་དང་རོལ་དབྱངས་སྐོར་ཡིན་ཅིང་། ཟབ་སྦྱོང་གནང་མཁན་ནི་མེལ་སྦོན་དུ་བཞུགས་པའི་བོད་ཀྱི་ཟློས་དགེ་ཟུར་པ་བསྟན་འཛིན་ཡེ་ཤེས་ལགས་ཡིན་པ་དང་། ཁོང་གིས་གཞོན་སྐྱེས་ཚོར་རོལ་དབྱངས་ཕུ་ཙིའི་གདངས་འདོན་སྟངས་ནས་སྒྲ་སྙན་གྱི་སྐད་སྒྲིག་སྟངས། ཕྱག་འཇུས་སྟངས་སོགས་རྨང་གཞིའི་ལམ་ནས་འགྲེལ་བཤད་གསལ་ཅིང་གོ་བདེ་བ་གནང་རྗེས།
ཕྱི་ལོགས་ཐང་སྟོང་སྟེང་གཞོན་སྐྱེས་ཚོར་རྡོག་སྒྲོ་རྒྱག་སྟངས་བསླབ་པ་དང་། གཞོན་སྐྱེས་ཚོས་ཀྱང་སྟོད་གཞས་ཕུ་ཡི་བསམ་སྡིངས་དགོན་པ་ཞེས་པའི་གདངས་དང་། ཚིག འཁྲབས་སྟངས་བཅས་ལེགས་པར་ཤེས་པར་མ་ཟད། རོལ་དབྱངས་ལ་དམིགས་བསལ་དོ་སྣང་ཅན་ཚོས་ད་དུང་དགེ་རྒན་མཉམ་དུ་མཚན་མོ་ཕྱི་པོ་བར་དུ་ཕན་ཚུན་དོགས་འདྲི་དང་སློབ་སྦྱོང་བྱས་ཏེ་ཟབ་སྦྱོང་ཉིན་དང་པོའི་ལེགས་པརམཇུག་སྒྲིལ།
ཕྱི་ཚེས་ ༢༥ ཉིན་ཟབ་སྦྱོང་ཚོགས་ཐུན་གསུམ་པ་གནང་མཁན་ནི་གོ་ལ་ཀུན་ཁྱབ་བོད་ཀྱི་རིག་གཞུང་ཁང་གི་འགན་འཛིན་བཀའ་ཟུར་རིང་པ་དཔོན་ཚང་དཔལ་འབྱོར་ཚེ་རིང་ལགས་ཡིན་ཅིང་། ཁོང་གིས་བོད་ཕྲུག་ཚོར་བོད་མི་ཡིན་པའི་ངོ་བོ་ཤེས་ཐབས་དང་དེར་དགའ་སྤོབས་སྐྱེ་ཐབས་སུ་ཆོས་རྒྱལ་མེས་དབོན་རྣམ་གསུམ་ནས་བོད་དེ་འཛམ་བུ་གླིང་འདིའི་སྒང་དམག་དང་ཆབ་སྲིད། དཔལ་འབྱོར། རིག་གཞུང་དང་སྐད་ཡིག་གང་གི་ཆ་ནས་སྟོབས་ཆེ་ཤོས་ཀྱི་རྒྱལ་ཁབ་ཅིག་ཆགས་མྱོང་ཡོད་པ་དང་། ད་ལྟ་གནས་སྟངས་ཛ་དྲག་ཉག་འཕྲང་བའི་སྐབས་སུའང་ང་ཚོ་སེམས་ཤུགས་མ་ཆག་པར། སོ་སོའི་ངོ་བོ་མ་བརླགས་པར་ཡ་རབས་སྤྱོད་བཟང་ཚད་ལྡན་ཡོད་པའི་བོད་མི་ཞིག་བྱེད་དགོས་པའི་སྐོར་བཀའ་སློབ་ཟབ་ཅིང་རྒྱ་ཆེ་བ་གནང་བ་མ་ཟད།
སོ་སོ་མི་ལོ་ ༤༠ ཙམ་རིང་བཙན་བྱོལ་བོད་གཞུང་གི་ནང་དུ་ལས་དོན་བྱས་པའི་ཉམས་མྱོང་དང་། དམིགས་བསལ་མི་ལོ་ ༢༠ ཙམ་རིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་ཀྱི་མཚན་གནས་ཐོག་ཕྱི་ཕྱི་སྐུ་ཚབ་དོན་གཅོད་ཀྱི་ལས་འགན་འཁུར་བའི་ཉམས་མྱོང་སོགས་གཞོན་སྐྱེས་ཚོར་ངོ་སྤྲོད་ཞིབ་ཅིང་ཕྲ་བ་གནང་བ་དང་། གཞོན་སྐྱེས་ཚོས་དོགས་འདྲི་ཁག་ཕེབས་པ་ལའང་ལན་འདེབས་དང་བགྲོ་གླེང་ལྷུག་པོ་གནང་ཡོད།
ཟབ་སྦྱོང་ཚོགས་ཐུན་བཞི་པ་གནང་མཁན་ནི་དེ་སྔ་ཨོ་གླིང་སྲིད་བློན་ལས་ཁུངས་ཀྱི་དཔལ་འབྱོར་སློབ་སྟོན་པ་དང་། དབུས་དངུལ་ཁང་ཆེན་པོའི་དཔལ་འབྱོར་སློབ་སྟོན་པ། ད་ལྟ་ཨོ་གླིང་དཔལ་འབྱོར་ལས་ཁུངས་ཀྱི་དཔལ་འབྱོར་སློབ་སྟོན་པ། གོ་ལ་ཀུན་ཁྱབ་བོད་ཀྱི་རིག་གཞུང་ཁང་གི་ལག་བསྟར་འགན་འཛིན་རིང་པ་དཔོན་ཚང་ལྷ་དར་ལགས་ཡིན་ཅིང་། ཁོང་གིས་གཞོན་སྐྱེས་ཚོས་སློབ་སྦྱོང་གི་དམིགས་ཚད་མཐོན་པོ་བཟུང་སྟེ་མཐོ་སློབ་འགྲིམ་ཕྱོགས་དང་། རྗེས་འབྲེལ་ལས་ཀ་འཚོལ་སྟངས་སྐོར་ལྟ་བདེ་རི་མོའི་ལམ་ནས་ཟབ་འཁྲིད་གནང་བ་མ་ཟད།
དམིགས་བསལ་བོད་ཕྲུག་ཅིག་ཡིན་པའི་ཆ་ནས་ལས་འགན་ཐོལ་པ་ཞིག་ཡོད་པ་སོ་སོ་མི་རིགས་ཀྱི་མྱངས་བཞིན་པའི་དཀའ་ངལ་མ་བརྗེད་པར། དེའི་རང་དབང་བསྐྱར་གསོའི་ཆེད་དུ་སོ་སོའི་སྐད་ཡིག་དང་རིག་གཞུང་ལ་དོ་སྣང་དང་སྦྱོང་བརྩོན་བྱེད་དགོས་པའི་སྐོར་སློབ་འཁྲིད་དོན་སྙིང་ལྡན་པ་ཞིག་གནང་ཡོད་པ་མ་ཟད། ཁོང་གི་ཟབ་འཁྲིད་དེ་བཞིན་བོད་ཨིན་སྐད་ཡིག་གཉིས་ཐོག་གནང་ཡོད་སྟབས། གཞོན་སྐྱེས་ཚོས་དམིགས་བསལ་དོ་སྣང་གནང་སྟེ་དྲི་བ་དྲིས་ལན་སོགས་ཆ་ཤས་ཡག་པོ་ལེན་ཡོད།
ཟབ་སྦྱོང་ཚོགས་ཐུན་ལྔ་པ་གནང་མཁན་ནི་དེ་སྔ་ཨོ་གླིང་སྲིད་བློན་ལས་ཁུངས་དང་བཀའ་ཤག ནང་སྲིད་ལས་ཁུངས་ཀྱི་ཚོང་འབྲེལ་དང་ཁྲིམས་ཀྱི་སློབ་སྟོན་པ། ད་ལྟ་ཨོ་གླིང་རྒྱལ་ཡོངས་བགྲེས་ཕོགས་ཉེན་སྲུང་ཐེབས་རྩའི་འགན་འཛིན་ལྷན་ཚོགས་ཀྱི་ལོ་རྒྱུས་ཐོག་ལོ་ན་ཆུས་ཤོས་ཀྱི་འགན་འཛིན་ཚོགས་མི་རིང་པ་དཔོན་ཚང་གཞན་ཕན་རྡོ་རྗེ་ལགས་ཡིན་ཅིང་།
ཁོང་གིས་གཞོན་སྐྱེས་ཚོར་ལས་ཀའི་དམིགས་ཚད་མཐོན་པོ་ཟིན་རྗེས་དཔལ་འབྱོར་ཉར་ཚགས་བྱས་སྟངས་དང་། དངུལ་གཏོང་ཕྱོགས་སྐོར་ཟབ་འཁྲིད་གནང་བ་དང་། དངུལ་ཉར་ཕྱོགས་དེའང་དངུལ་ཁང་དུ་བཅོལ་བ་དང་། ཚོང་འབྲེལ་མ་རྐང་ཉོ་ཕྱོགས། དངུལ་རྐྱང་ཉར་སྟངས་སོགས་གང་ལྟར་དངུལ་ལས་དངུལ་འཁྲུངས་སྟངས་དང་། དཔལ་འབྱོར་ཡག་པོ་གསོག་རྗེས་སྤྱི་ཚོགས་ལ་ཕན་པའི་རླབས་ཆེའི་ལས་དོན་བསྒྲུབ་ཕྱོགས་སྐོར་གཞོན་སྐྱེ་ཚོར་སྤྲོ་བ་ཆེན་པོ་འཕེལ་བ་དང་། ཚང་མས་འཚང་ཀ་བཤིག་བཤིག་ངང་དྲི་བ་ཕུལ་བ་དང་ཕན་ཚུན་བགྲོ་གླེང་ལྷུག་པོ་ཞུས་ཡོད།
ཉིན་རྒྱབ་ཆུ་ཚོད་ ༢ པའི་ཐོག་ཆེད་དུ་སྤྱི་སྤྱོད་རླངས་འཁོར་ཆེན་པོ་ཞིག་གླ་སྟེ་སྐུ་ངོ་དོན་གཅོད་མཚོ་སྒོ་ལྷག་པ་མཆོག་དང་། ཟབ་འཁྲིད་གནང་མཁན་རིང་པ་དཔོན་ཚང་ལྷ་དར་ལགས་གཉིས་ཀྱིས་སྣེ་འཁྲིད་འོག་ཟབ་སྦྱོང་དུ་ཞུགས་མཁན་རྣམས་ཨོ་གླིང་གྲོས་ཚོགས་སུ་འཚམས་གཟིགས་འཁྲིད་དེ་དེའི་སྐོར་ངོ་སྤྲོད་གནང་བ་དང་།
ཆུ་ཚོད་ ༤།༣༠ ཐོག་ཚུར་འཁོར་འཚམས་ཚང་མས་བརྐྱལ་རྒྱག་པ་དང་། སྤོ་ལོ་རྩེད་པ་སོགས་ཕན་ཚུན་ངོ་ཤེས་ཟབ་འབྲེལ་གྱི་རྩེད་མོ་སྣ་ཚོགས་ལ་རོལ་བ་མ་ཟད།
དགོང་མོར་རོ་བཅུད་དང་ལྡན་པའི་ཞལ་ལག་མཆོད་རྗེས། ཟབ་སྦྱོང་ཚོགས་ཐུན་དྲུག་པ་ཕྱི་ལུགས་ཞབས་བྲོ་འཁྲབ་འཁྲིད་བྱ་རྒྱུ་འགོ་འཛུགས་ཞུས་ཡོད།
དེ་ཡང་བོད་ཕྲུག་ཚོ་རང་ལུགས་སྒོར་གཞས་འཁྲབ་ཤེས་པ་ཙམ་མ་ཟད། མ་འོངས་རྒྱལ་སྤྱིའི་སྡིང་ཆ་མཐོན་པོར་སླེབས་སྐབས་ཕྱི་ལུགས་ཞབས་བྲོའང་འཁྲབ་ཤེས་པ་བཟོ་རྒྱུ་གལ་ཆེ་ཡིན་པར་བརྟེན། ཆེད་དུ་ཕྱི་ལུགས་ཞབས་བྲོ་མཁས་ཅན་གདན་འདྲེན་ཞུས་ཏེ་དགོང་མོའི་ཆུ་ཚོད་ ༧་༣༠ ནས་ ༩་༠༠ བར་ཟབ་འཁྲིད་ཞུས་པ་དང་།
ཟབ་འཁྲིད་དེར་དོ་དབྱིངས་ཅན་ཚོ་དགའ་སྤྲོ་ཆེན་པོའི་ཐོག་ནས་མཉམ་ཞུགས་གནང་བ་དང་། ཚང་མས་གུས་ཞབས་ལྡན་པའི་ངང་ནས་དགེ་རྒན་དང་མཉམ་དུ་དྲན་རྟེན་སྐུ་པར་བསྒྲོན་པ་སོགས་ཉིན་གཉིས་པའི་zb སྦྱོང་ལས་རིམ་གྲོལ།
ཕྱི་ཚེས་ ༢༦ ཉིན། ཟབ་སྦྱོང་ཚོགས་ཐུན་བདུན་པ་གནང་མཁན་ནི་ཨོ་གླིང་ས་སྐྱ་བློ་གསལ་ཆོས་རྫོང་གི་ངེས་སྟོན་པ་བླ་མ་ཆོས་གྲགས་ལགས་ཡིན་ཅིང་། ཁོང་ནི་སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རིན་པོ་ཆེའི་དངོས་སློབ་ཡིན་པ་དང་། རིན་པོ་ཆེའི་སྐུ་མདུན་དུ་མི་ལོ་ ༡༢ ཙམ་ནང་ཆོས་གསན་བསམ་ཞུ་རྗེས་ལོ་གསུམ་ཕྱོགས་གསུམ་གྱི་སྒོམ་སྒྲུབ་ཞུས། ཕྱི་ལོ་ ༡༩༨༠ ལོར་ཨོ་གླིང་ཡུལ་དུ་འབྱོར་ཏེ་ཨོ་གླིང་རྒྱལ་ཡོངས་གཙུག་ལག་སློབ་གཉེར་ཁང་དུ་སློབ་སྦྱོང་ཞུས། ཕྱི་ལོ་ ༡༩༨༩ ཙམ་ནས་ཆོས་ཚོགས་བཙུགས་ཏེ་ད་ལྟ་ཡན་ལག་ཆོས་ཚོགས་ ༡༥ ཙམ་ཡོད་པའི་སྤྱི་ཁྱབ་འགན་འཛིན་ཡིན་པ་མ་ཟད། བོད་ཨིན་སྐད་ཡིག་ཚད་མཐོའི་ཐོག་ནས་ནང་ཆོས་ངོ་སྤྲོད་དང་གསུང་ཆོས་གནང་ཐུབ་མཁན་གྱི་མཁས་པ་ཞིག་ཆགས་བསྡད་ཡོད།
ཁོང་གིས་གཞོན་སྐྱེས་ཚོར་ནང་པ་སངས་རྒྱས་པའི་ངོ་བོ་དང་ལྟ་སྒྲུབ་ངོ་སྤྲོད་དང་འབྲེལ། ཆོས་ལུགས་གཞན་དབར་འདྲ་ས་དང་མ་འདྲ་ས། གཙོ་བོ་སྐྱབས་འགྲོ་དཀོན་མཆོག་གསུམ་དང་བདེན་པ་བཞི། བྱམས་སྙིང་རྗེ་སོགས་སྐོར་བོད་ཨིན་སྐད་ཡིག་གཉིས་ཐོག་གོ་བདེ་ཞིང་བགོད་བྲོ་བའི་ངང་འགྲེལ་བཤད་གནང་བར་བརྟེན། གཞོན་སྐྱེས་ཚོས་དོ་སྣང་ཆེན་པོའི་ངང་དྲི་བ་དྲིས་ལན་དང་བགྲོ་གླེང་ཞུས་ཡོད།
ཟབ་སྦྱོང་ཚོགས་ཐུན་བརྒྱད་པ་ནི་བཙན་བྱོལ་ནང་གི་གྲགས་ཅན་ལོ་ཙཱ་བ་དང་མཁས་དབང་ཆུང་ཚེ་རིང་ལགས་ཡིན་ཅིང་། ཁོང་ནི་ད་ལྟ་ཨོ་གླིང་རྒྱལ་ཡོངས་གཙུག་ལག་སློབ་ཆེན་གྱི་(ANU)སློབ་དཔོན་དང་། མི་རིགས་སྣ་མང་ཞབས་ཞུ་མཉམ་ལས་ཁང་གི་ལས་འཆར་འགན་འཛིན་ཆགས་ཀྱི་ཡོད། ཁོང་གི་གཞོན་སྐྱེས་ཚོར་ཟབ་སྦྱོང་སྤྲོད་རྒྱུའི་བརྗོད་གཞི་ནི་བོད་ཀྱི་རིག་གཞིང་སྤྱི་དང་། ཡང་སྒོས་བོད་ཀྱི་དུས་ཆེན་ཁག་ངོ་སྤྲོད་དང་འབྲེལ་བོད་ཕྲུག་ཚོས་བོད་མིའི་ངོ་བོ་དང་སྤྱོད་པ་འཁྱེར་སྟངས་སྐོར་ཡིན་ཅིང་།
ཁོང་གིས་བོད་ཀྱི་ལོ་གསར་གཏོང་སྐབས་སྡེར་ཁ་སྒྲིག་སྟངས་ཀྱི་འགྱུར་བ་ལས་བོད་ཀྱི་བསམ་བློར་འགྱུར་བ་ཇི་ཐད་དང་། བོད་ཀྱི་རིག་གཞུང་སྤྱིའི་ངོ་བོ་འགྲེལ་བཤད་དང་འབྲེལ། བོད་ཀྱི་སྐད་ཡིག་གི་བྱེད་ནུས་དང་སྐད་ཡིག་གཞན་གྱི་བྱེད་ནུས་བར་གྱི་ཁྱད་པར། དབྱངས་གསལ་གྱི་འགྲོ་སྟངས་སོགས་ནས་བོད་ཀྱི་སྐད་ཡིག་གི་ཡར་ཐོན་རང་བཞིན། ཕྲུ་གུ་ཚོས་བོད་ཀྱི་སྐད་ཡིག་སྦྱོང་སྟངས་སྐོར་བཅས་གཞོན་སྐྱེས་ཚོར་ཕན་རླབས་ཆེ་བའི་ཟབ་སྦྱོང་གཏིང་ཟབ་ཅིང་གོ་བདེ་བ་ཞིག་གནང་ཡོད་པ་དང་། དྲི་བ་དྲིས་ལན་གྱི་སྐབས་སུ་བོད་ཡིག་གི་དུས་དེབ་དང་ཚགས་པར། དྲ་རྒྱ། བོད་སྐད་བརྙན་འཕྲིན་དང་རླུང་འཕྲིན་སོགས་ཀྱི་ཁ་བྱང་ཆ་ཚང་ངོ་སྤྲོད་ཀྱང་ཞུས་གནང་སོང་།
ཟབ་སྦྱོང་ཚོགས་ཐུན་དགུ་པ་གནང་མཁན་ནི་གྲགས་ཅན་ཆབ་སྲིད་བཙོན་ཟུར་དགའ་ལྡན་གྲྭ་བག་བྲོ་ལགས་ཡིན་པ་དང་། ཁོང་གིས་ཟབ་འཁྲིད་ཀྱི་བརྗོད་གཞི་ནི་བོད་ནང་གི་ཛ་དྲག་གནས་སྟངས་དང་། བོད་མི་རྣམས་བཙན་བྱོལ་དུ་ཡོང་དགོས་པའི་དངོས་སྒྲུང་ངོ་སྤྲོད་གནང་རྒྱུ་ཡིན་ཅིང་། ཁོང་ནམ་རྒྱུན་ནས་རྒྱལ་སྤྱིའི་སྡིང་ཆ་ཁག་ཏུ་སེམས་ཤུགས་ཆེན་པོས་བོད་དོན་ཁྱབ་བསྒྲགས་གནང་མཁན་ཞིག་ཡིན་སྟབས། བོད་ཕྲུག་ཚོར་ཚོར་ཤུགས་ཆེན་པོའི་ཐོག་ནས་རྒྱ་དམར་བོད་ལ་ཐོག་མ་བཙན་འཛུལ་སྐབས་ནས་བོད་མི་ཚོར་སྡུག་སྦྱོང་མནར་གཅོད་ཇི་བཏང་གི་ལོ་རྒྱུས་དང་འབྲེལ། ལོ་རབས་བརྒྱད་ཅུའི་ནང་དུ་བོད་ཀྱི་ཆབ་སྲིད་བཙོན་པ་ཚོས་རྒྱ་མིའི་བཙོན་ཁང་ནང་དུ་ངོ་རྒོལ་གྱི་ལས་འགུལ་སྤེལ་སྟངས། ཁོང་གི་ལོ་རྒྱུས་ལས་བོད་མི་ཚོ་བཙན་བྱོལ་དུ་ཡོང་དགོས་པའི་རྒྱུ་མཚན་དང་ད་ལྟའི་ལས་འགན་སོགས་གཞོན་སྐྱེས་ཚོ་སེམས་འགུལ་ཐེབས་དགོས་པའི་ཟབ་འཁྲིད་ཅིག་གནང་བར་བརྟེན། ཟབ་སྦྱོང་རྗེས་སུ་ཟབ་སྦྱོང་དུ་ཞུགས་མཁན་ཕོ་གསར་ཚོ་སེམས་ཤུགས་འཕར་ཏེ་བོད་དོན་འཐབ་རྩོད་ཀྱི་ཆེད་དུ་རྒན་ལགས་ཀྱི་ལས་འགུལ་ཇི་སྤེལ་ལ་མཉམ་ཞུགས་བྱ་རྒྱུའི་ངར་སྒྲའང་སྒྲོག
ཟབ་སྦྱོང་ཚོགས་ཐུན་བཅུ་པ་ནི་ཟབ་སྦྱོང་གནང་མཁན་དང་གཞོན་སྐྱེས་བར་ཆུ་ཚོད་གཅིད་དང་ཕྱེད་རིང་ཕན་ཚུན་དྲི་བ་དྲིས་ལན་དང་བགྲོ་གླེང་གི་དུས་ཚོད་ཡིན་ཅིང་། དེའི་སྐབས་སུ་ཟབ་སྦྱོང་དུ་ཞུགས་མཁན་གཞོན་སྐྱེས་ཚོས་ཉིན་གསུམ་རིང་གི་ཟབ་སྦྱོང་གི་ཕན་ཐོག་ཇི་བྱུང་དང་། མ་འོངས་པར་མུ་མཐུད་དེ་འདྲའི་ཟབ་སྦྱོང་མང་དུ་ཚོགས་ཐུབ་རྒྱུའི་རེ་བསྐུལ།
དམིགས་བསལ་ཟབ་སྦྱོང་གོ་སྒྲིག་གནང་མཁན་ཚོར་ཐུགས་རྗེས་ཆེ་ཞུ་རྒྱུའི་མཚོན་དགའ་སྤྲོའི་རྣམ་པ་ཤུགས་ཆེ་བསྟན་པ་དང་། གཞོན་སྐྱེས་ཚོས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིད། བོད་རྒྱའི་གནས་བབ། དབུ་མའི་ལམ་གྱི་སྲིད་བྱུས་སོགས་གང་ཅིའི་ཐད་ནས་དྲི་བ་ཕུལ་བར་སྐུ་ཚབ་དོན་གཅོད་གཙོས་ཟབ་འཁྲིད་གནང་མཁན་ཚང་མས་ལན་འདེབས་ཁ་གསལ་ཞུས་ཡོད་པ་དང་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ནས་ཀྱང་ད་ལྟའི་རྒྱ་ནག་གི་གནས་སྟངས་དང་། རྒྱ་རིགས་འབྲེལ་མཐུད་ལས་དོན་གྱི་ངོ་བོ། བོད་དོན་བདེན་མཐའ་གསལ་ཐབས་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་ལའང་ངོ་སྤྲོད་གནང་ཡོད།
ཐེངས་འདིའི་ཟབ་སྦྱོང་དུ་ཨོ་སི་ཀྲོ་ལི་ཡའི་ས་ཁུལ་སིད་ནི་དང་། མེལ་སྦོན། ཁེན་བྷེ་ར། སྦིལ་སི་སྦན། ཊ་སི་མ་ནི་ཡ། གནས་མཁར་གསར། ནུབ་ར། ཝ་ཀ་ཝ་ཀ རི་སྔོན་པོ། ཁེན་བྷེ་ཁྲོམ་བཅས་ས་གནས་ཁག་བཅུ་ནས་བོད་ཕྲུག་ ༦༠ མཉམ་ཞུགས་གནང་ཡོད་པ་དང་། ཟབ་སྦྱོང་གི་དུས་ཚོད་ཕུད་ད་དུང་རྩེད་རིགས་སྣ་ཚོགས་དང་། ཕྲུ་གུ་ཕན་ཚུན་ངོ་ཤེས་གྲོགས་འདྲིས་ཟབ་ཏུ་གཏོང་རྒྱུའི་ཕན་ནུས་ཆེན་པོ་ཐོན་ཡོད།
ཟབ་སྦྱོང་གོ་སྒྲིག་གནང་མཁན་ངོས་ནས་ཕྱི་ཚེས་ ༢༦ དགོང་མོ་ཆུ་ཚོད་བདུན་པའི་སྟེང་། ཁེན་བྷེ་ར་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་དབུས་རྒྱུན་ལས་རྣམ་པ་དང་། དོན་ཁང་གི་ལས་བྱེད་ཟུར་པ་དང་འབྲེལ་ཡོད་རྣམ་པ་བཅས་གདན་འདྲེན་ཞུས་ཏེ། ཟབ་འཁྲིད་དང་ཕྱག་རོགས་གནང་མཁན་ཚང་མར་ཐུགས་རྗེ་ཆེ་ཞུ་བའི་མཚན་ཚོགས་སྟེང་། སྐུ་ངོ་དོན་གཅོད་མཚོ་སྒོ་ལྷག་པ་ལགས་དང་། གོ་ལ་ཀུན་ཁྱབ་བོད་ཀྱི་རིག་གཞུང་ཁང་གི་འགན་འཛིན་བཀའ་ཟུར་དཔལ་འབྱོར་ཚེ་རིང་ལགས་རྣམ་གཉིས་ནས་ཚང་མར་མཇལ་དར་ཕུལ་བ་དང་བཅས། ཚང་མས་མོག་མོག་མཆོད་ཅིང་དགའ་བའི་ཞབས་བྲོ་འཁྲབ་སྟེ་ཟབ་སྦྱོང་གི་ལས་རིམ་ཡོངས་རྫོགས་བཀྲ་ཤིས་ཕུན་ཚོགས་ངང་མཇུག་སྒྲིལ་ཡོད་པ་བཅས། །