ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༡༥ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༡༤ རེས་གཟའ་མིག་དམར་ཉིན་ཨིན་ཡུལ་སྐུ་ཚབ་དོན་གཅོད་བསོད་ནམས་ཚེ་རིང་ཕར་སི་ལགས་ཀྱིས་ཌན་མཀ་གི་རྒྱལ་ས་ Copenhagen ནང་གཞུང་འབྲེལ་ཕྱོགས་ཕེབས་ཀྱིས་གྲོས་ཚོགས་འཐུས་མི་ལྕམ་སྐུ་ Aki-Matilda Hoegh-Dam མཆོག་དང་། སྐུ་ཞབས་ Christian Juhl མཆོག སྐུ་ཞབས་ Søren Søndergaard མཆོག སྐུ་ཞབས་ Rasmus Nordqvist མཆོག་བཅས་དང་མཇལ་འཕྲད་ཀྱིས་རྒྱ་ནག་གཞུང་གིས་བོད་ནང་དྲག་གནོན་ཇེ་ཆེར་གཏོང་བཞིན་པ་དང་། གཞུང་གིས་སོ་ལྟའི་པར་ཆས་གང་སར་བཙུགས་ཏེ་བོད་མི་རྣམས་ཀྱི་འགྲོ་འདུག་སྤྱོད་གསུམ་ལ་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་པའི་ཛ་དྲག་གི་གནས་ཚུལ་ཁག་སྙན་སེང་ཞུས་ཡོད་པ་མ་ཟད། གྲོས་ཚོགས་འཐུས་མི་རྣམས་ནས་གྲོས་ཚོགས་སུ་བོད་ཀྱི་གནད་དོན་ཐོག་གླེང་སློང་གནང་དགོས་པའི་འབོད་སྐུལ་ཡང་ཞུས་འདུག
དེ་བཞིན་སྐུ་ཚབ་དོན་གཅོད་ཀྱིས་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། ཌེ་ནིཤ་ Danish བོད་རིགས་རིག་གཞུང་ཚོགས་པ་གཉིས་ཟུང་སྦྲེལ་ཐོག་གོ་སྒྲིག་གནང་བའི་གསུང་བཤད་ལས་རིམ་ཞིག་གི་ཐོག་ཇི་ལྟར་རྒྱ་ནག་གཞུང་གིས་དྲག་པོའི་སྟོབས་ཤུགས་བེད་སྤྱོད་བྱེད་དེ་མང་གཙོ་དང་། རང་དབང་། ཁྲིམས་ཀྱི་དབང་བསྒྱུར་སོགས་ལ་འགྲེལ་བརྗོད་ལོག་པ་བྱེད་ཐབས་བྱེད་ཀྱི་ཡོད་པ་དང་། རྒྱ་ནག་གཞུང་རང་གི་ཁེ་ཕན་ཆེད་ཡུ་རོབ་མཐུན་ཚོགས་དང་ཡུ་རོབ་རྒྱལ་ཁབ་ཁག་གི་ཆིག་སྒྲིལ་ལ་དོ་ཕོག་གཏོང་གི་ཡོད་སྐོར་སོགས་གསུངས།
དེ་ཡང་ཨིན་ཡུལ་སྐུ་ཚབ་དོན་གཅོད་བསོད་ནམས་ཚེ་རིང་ཕར་སི་ལགས་ས་གནས་སུ་ཕྱོགས་བསྐྱོད་སྐབས་ཌེན་མཀ་རྟེན་གཞི་བྱས་པའི་ཐེ་པེ་ Taipei གཞུང་ཚབ་ཁང་དུ་ཕེབས་ཏེ་གཞུང་ཚབ་པ་སྐུ་ཞབས་ Shying Jow Lee ལགས་དང་། འགན་འཛིན་སྐུ་ཞབས་ Howard Shen ལགས་བཅས་རྣམ་གཉིས་དང་མཇལ་འཕྲད་གནང་སྟེ་ཐེ་ཝན་གྱི་སྲིད་འཛིན་ལྕམ་སྐུ་ཚའི་ཨིང་ཝིན་ Tsai Ing- Wen མཆོག་ཐེ་ཝན་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་ནང་རྒྱལ་ཁ་ཐོབ་པར་འཚམས་འདྲི་ཞུས་འདུག
ཨིན་ཡུལ་སྐུ་ཚབ་དོན་གཅོད་བསོད་ནམས་ཚེ་རིང་ཕར་སི་ལགས་ཌེན་མཀ་ནང་གི་གཞུང་འབྲེལ་ཕྱོགས་བསྐྱོད་དེ་བཞིན་ཐེངས་དང་པོ་ཆགས་ཀྱི་ཡོད་པ་བཅས། །