ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༡༦ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༡༥ རེས་གཟའ་ཕུར་བུའི་ཉིན་ནོར་ཝེ་ནང་རྟེན་གཞི་བྱས་པའི་ཡུ་གུར་དང་ཧོང་ཀོང་རྒྱབ་སྐྱོར་ཚོགས་པ། དེ་བཞིན་ནོར་ཝེ་བོད་དོན་རྒྱབ་སྐྱོར་ཚོགས་པ་བཅས་ཀྱི་གོ་སྒྲིག་འོག ཨིན་ཡུལ་སྐུ་ཚབ་དོན་གཅོད་བསོད་ནམས་ཚེ་རིང་ཕར་སི་ལགས་ཀྱིས་ནོར་ཝེ་རྒྱལ་ས་ཨོ་སི་ལོར་ནོར་ཝེ་གུ་ཡངས་ཆབ་སྲིད་ཚོགས་པའི་གྲོས་ཚོགས་འཐུས་མི་ལྕམ་སྐུ་གུ་རི་མེལ་སྦི་ Ms Guri Melby མཆོག་དང་མཇལ་འཕྲད་ཀྱིས་བོད་དོན་ལ་རྒྱབ་སྐྱོར་དགོས་པའི་འབོད་སྐུལ་ཤུགས་ཆེ་གནང་འདུག
སྐབས་དེར་གོང་གི་ཚོགས་པ་གསུམ་པོའི་སྐུ་ཚབ་འཐུས་མི་རྣམས་ཀྱིས་ལྕམ་སྐུ་མཆོག་ལ་ནོར་ཝེའི་གྲོས་ཚོགས་ནང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ཚོགས་པ་གསར་པ་ཞིག་བཙུགས་ནས། རྒྱ་ནག་གཞུང་གིས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གཏོང་བཞིན་པར་སྐྱོན་བརྗོད་གནང་དགོས་པ་དང་། ཕྱོགས་མཚུངས་དོན་གཅོད་ཀྱིས་རྒྱ་ནག་གཞུང་གིས་བོད་ནང་ཆོས་དད་རང་དབང་ཐོག་དམ་བསྒྲགས་བྱེད་བཞིན་པ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་ཐེ་བྱུས་བྱེད་བཞིན་པ་རྣམས་གསལ་འདོན་གནང་ནས་སེམས་འཚབ་ཡོད་པའི་རྣམ་པ་བསྟན་པ་དང་།
ལྷག་པར་དེང་སྐབས་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་སྲིད་གཞུང་ནས་རྒྱ་ནག་གཞུང་དང་བསྟུན་མཁས་ཆེ་དྲགས་པའི་རྐྱེན་གྱིས་མང་གཙོ་དང་། འགྲོ་བ་མིའི་ཐོབ་ཐང་། ཁྲིམས་ལུགས་དབང་སྒྱུར་སོགས་ཀྱི་རིན་ཐང་དེ་དག་བློས་གཏོང་བྱེད་བཞིན་ཡོད་སྟབས་རིན་ཐང་དེ་དག་རིམ་བཞིན་ཉམས་རྒུད་དུ་འགྲོ་བཞིན་ཡོད། དེར་བརྟེན་ནོར་ཝེ་གཞུང་མང་གཉིས་ནས་རིག་གཞུང་དེ་དག་མུ་མཐུད་སྲུང་སྐྱོབ་བྱེད་གལ་ཆེ་སྐོར་གསུངས།
གཞན་ཡང་ཁོང་གིས་ཨ་རིའི་གཞུང་ནས་བོད་ནང་ཕར་འགྲོ་ཚུར་འོང་གི་གོ་སྐབས་འདྲ་མཉམ་གྱི་ཁྲིམས་འཆར་ Reciprocal Access to Tibet Act ཁྲིམས་སུ་གཏན་འབེབས་གནང་བ་མ་ཟད། ད་ཆ་བོད་དོན་རྒྱབ་སྐྱོར་སྲིད་བྱུས་ཀྱི་ཁྲིམས་འཆར་ཨང་ (HR 4331) Tibetan Policy and Support Act 2019 ཞེས་པ་དེའང་ཁྲིམས་སུ་གཏན་འབེབས་གནང་ཐུབ་པའི་རེ་བ་ཆེ་བའི་དུས་སྐསབ་ཤིག་ཡིན་སྟབས། ནོར་ཝེ་གཞུང་ནས་ཀྱང་ཨ་རི་དང་མཚུངས་པར་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་ཅན་གྱི་སྲིད་བྱུས་ལ་སྐྱོན་བརྗོད་གནང་བ་དང་སྦྲགས། ཁྲིམས་ལུགས་དེ་ལྟར་གཏན་འབེབས་ཡོང་ཐབས་སླད་འབད་བརྩོན་གནང་དགོས་པའི་འབོད་སྐུལ་ཤུགས་ཆེ་གནང་བར་གྲོས་ཚོགས་འཐུས་མི་ལྕམ་སྐུ་གུ་རི་མེལ་སྦེ་མཆོག་ནས་བོད་ནང་གི་ཛ་དྲག་གནས་སྟངས་ལ་གསན་འཇོག་གནང་བ་དང་། སེམས་ཚོར་ཆེན་པོས་རང་ནུས་གང་ཡོད་ཀྱིས་རྒྱབ་སྐྱོར་གནང་རྒྱུའི་ཁས་ལེན་ཡང་གནང་ཡོད། མཛད་འཆར་ལྟར་ན་ཕྱི་ཚེས་ ༡༦ ཉིན་གྱི་སྔ་དྲོ་སྐུ་ཚབ་དོན་གཅོད་སུ་ཝི་ཌེན་གྱི་རྒྱལ་ས་སི་ཊོག་ཁོམ་ Stockholm ནང་ཕེབས་རྒྱུ་ཡིན་འདུག་པ་བཅས། །