ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༢༨ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༢༦ ཉིན་རྒྱ་གར་མང་གཙོའི་རྒྱལ་ཁབ་ཞིག་ཏུ་དབུ་བརྙེས་ནས་ལོ་ངོ་ ༧༡ འཁོར་བའི་ཉིན་མོ་དང་བསྟུན། རྒྱ་གར་གྱི་སྲིད་འཛིན་སྐུ་ཞབས་རཱམ་ནཱཐ་ཀོ་ཝིནྜ་ Ram Nath Kovind མཆོག་གིས་རྒྱ་གར་གྱི་བདེ་སྲུང་བློན་ཆེན་ཟུར་པ་སྐུ་ཞབས་ཇོར་ཇེ་ཕར་ནེནྜེ་སི་ George Fernandes དམ་པ་མཆོག་ལ་རྒྱ་གར་མི་སེར་གྱི་གཟེངས་རྟགས་མཐོ་ཤོས་ཨང་གཉིས་པ་པདྨ་ཝི་བྷུ་ཤན་ཞེས་པ་དེ་འབུལ་རྒྱུའི་གསལ་བསྒྲགས་གནང་བར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་དམ་པ་ཁོང་གི་ཤུལ་ལུས་ནང་མི་ལྟོས་བཅས་རྣམས་ལ་དགའ་བསུའི་འཚམས་འདྲི་གནང་བའི་ནང་འཁོད་དོན། སྐུ་ཞབས་ཇོར་ཇི་ཕར་ནེནྜེ་སི་དམ་པ་ཁོང་ལ་ཐེངས་འདིར་པདྨ་ཝི་བྷུ་ཤན་གཟེངས་རྟགས་འབུལ་ལམ་ཞུ་རྒྱུའི་ཐོག་གཅོད་གསལ་བསྒྲགས་གནང་བ་དེ་ནི། དམ་པ་ཁོང་གིས་རྒྱ་གར་མི་མང་གྱི་དོན་དུ་རིན་ཐང་བྲལ་བའི་ཞབས་འདེགས་རླབས་ཆེན་ཞིག་བསྒྲུབས་པ་དེར་ངོས་འཛིན་གནང་བ་ཞིག་ཡིན། དམ་པ་ཁོང་སྐུ་འཚོ་བཞུགས་རིང་རྒྱ་གར་མི་མང་གི་མངོན་འདོད་ལ་བརྩི་བཀུར་དང་ལེན་གྱིས་རྒྱ་གར་གྱི་མང་གཙོའི་ལམ་ལུགས་སྲ་བརྟན་གྱི་ལས་དོན་སྣ་མང་ཐོག་ཆོད་སེམས་བརྟན་པོས་འབད་བརྩོན་ཧ་ཅང་གནང་མྱོང་ཡོད་པ་ཙམ་དུ་མ་ཟད། རྣོ་ངར་ལྡན་པའི་ཆབ་སྲིད་ཀྱི་འཐབ་རྩོད་ཁྲོད་དུའང་རྒྱལ་ཁ་ཐོབ་མཁན་གྱི་རླབས་ཆེན་གྱི་མི་སྣ་ཞིག་ཡིན། བོད་མིར་མཚོན་ན། དམ་པ་ཁོང་གིས་བོད་དོན་ཐོག་ཞལ་ཞེ་གཉིས་མེད་ཀྱིས་རྒྱབ་སྐྱོར་གནང་བའི་བཀའ་དྲིན་དེ་དུས་ནམ་ཡང་རྗེད་ཐབས་མེད་པ་ཞིག་རེད། ཅེས་གསུངས།
ཕྱོགས་མཚུངས་ཨ་རི་ཀོ་ལམ་བྷི་ཡ་གཙུག་ལག་སློབ་ཁང་གི་ནང་པའི་གཞུང་ཆེན་སློབ་ཁྲིད་པ་མཁས་དབང་སློབ་དཔོན་ཆེན་མོ་སྐུ་ཞབས་རོ་བྷཌ་ཐུར་མན་ Professor Robert Thurman མཆོག་ལ་པདྨ་ཤྲཱི་གཟེངས་རྟགས་འབུལ་གཏན་འཁེལ་བར་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཁོང་ལ་འཚམས་འདྲི་གནང་དོན། སྐུ་ཉིད་ཀྱིས་འཕགས་བོད་ནང་པའི་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་ཐོག་གཟེངས་སུ་ཐོན་པའི་བྱས་རྗེས་བཞག་གནང་བ་དེར་རྒྱ་གར་གཞུང་གིས་ངོས་འཛིན་ཐོག ཐེངས་འདིར་པདྨ་ཤྲཱི་གཟེངས་རྟགས་འབུལ་གཏན་འཁེལ་བ་ཞིག་རེད། གཟེངས་རྟགས་དེས་སྐུ་ཉིད་ཀྱིས་ད་བར་བོད་བརྒྱུད་ནང་བསྟན་གྱི་གཞུང་ཆེན་སོགས་ནང་པའི་ཆོས་ཚན་མང་པོ་ཨིན་ཡིག་ཐོག་ཕབ་སྒྱུར་གནང་བ་ཙམ་མ་ཟད། སློབ་མའི་ཚོགས་ལའང་བོད་བརྒྱུད་ནང་བསྟན་སློབ་ཁྲིད་ཀྱི་བྱ་བ་རླབས་ཆེན་ཞིག་བསྒྲུབས་དང་སྒྲུབ་བཞིན་པར་ངོས་འཛིན་ཐོབ་པ་ཞིག་མཚོན་ཐུབ། བོད་མི་རིགས་ཀྱིས་འབད་འབུང་ཆེ་སྐྱེད་ཐོག་གཅེས་འཛིན་བྱེད་བཞིན་པའི་བོད་བརྒྱུད་ནང་བསྟན་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོའི་བསྟན་པའི་བྱ་བར་སྐུ་ཉིད་ནས་ཁུར་མཉམ་བཞེས་ཐོག་གཟེངས་སུ་ཐོན་པའི་བྱས་རྗེས་ལ་གཟེངས་རྟགས་ཐོབ་པར་ང་ཚོ་བོད་མི་ཚོའང་དགའ་སྤོབས་སྐྱེ་གཞིར་གྱུར། ཞེས་འཁོད་འདུག ཐེངས་འདིར་པདྨ་ཤྲཱི་གཟེངས་རྟགས་ཐོབ་མཁན་མི་གྲངས་ ༡༡༨ ཡོད་ཁོངས་ནས་ཕྱི་རྒྱལ་མི་རིགས་ ༦ ཡོད་འདུག་པ་བཅས། །