ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༣ རེས་གཟའ་པ་སངས།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་སྐལ་བཟང་རྒྱ་མཚོ་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༣ རེས་གཟའ་པ་སངས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༧།༤༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོར་གདན་དུ་འཕགས་མཆོག་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་བཀའ་དབང་མ་སྩལ་གོང་མང་ཚོགས་ལ་བཀའ་སློབ་སྩལ་དོན། དེ་རིང་གནས་ཁྱད་པར་ཅན་སྟོན་པ་མངོན་པར་རྫོགས་པ་འཚང་རྒྱ་བའི་གནས་མཆོག་རེད། བསྟན་པའི་གཏད་རབས་བདུན་དང་། དེ་བཞིན་དཔལ་ནཱ་ལེནྡྲའི་མཁས་པའི་དབང་པོ་ཀླུ་སྒྲུབ་ཡབ་སྲས་དང་། ཐོགས་མེད་སྐུ་མཆེད་ལ་སོགས་པས་སངས་རྒྱས་པའི་བསྟན་པ་འདིར་རླབས་ཆེན་གྱི་བྱ་བ་མཛད་ཡོད། བྱ་བ་མཛད་ཅེས་པ་དེ་བྱིན་རླབས་ཀྱི་སྐད་ཆ་མ་རེད། ཡིག་འཇོག་མཛད་ནས་དུས་ད་ལྟ་ཡིན་ནའང་སངས་རྒྱས་པའི་ཆོས་དེ་ཆོས་འདྲ་འདྲའི་ནང་ནས་མི་འདྲ་བ་ཆགས་ཡོད། གང་ལྟར་ལྟ་གྲུབ་ཀྱི་ཐོག་ནས་འགྲེལ་བཤད་རྒྱག་རྒྱུ་ཡོད་བསྡད་པ་ཞིག་རེད། དེ་འདྲའི་བསྟན་པ་དུས་ད་ལྟ་བར་དུ་གནས་ཡོད། དེ་རིང་ཁ་སང་གི་དུས་ཚོད་ལ་ཕྱི་དངོས་པོ་ཡར་རྒྱས་ཧ་ལས་པ་ཕྱིན་ཡོད། ཡིན་ཡང་དངོས་པོ་ཡར་རྒྱས་ཀྱིས་ཕྱིའི་ལུས་པོ་བདེ་ཐང་མ་གཏོགས་ནང་སེམས་ཁམས་མ་སྐྱིད་པ་ཡོང་གི་ཡོད་པ་དེར་བྱེད་ཐབས་གང་ཡང་མི་འདུག
དེར་བརྟེན་དེ་རིང་ཁ་སང་གི་དུས་ཚོད་འདིར་བདེ་སྐྱིད་ཟེར་བ་དེ་ཕྱི་ལ་མཛུབ་མོ་འཛུགས་རྒྱུ་མ་ཡིན་པར་བདེ་སྐྱིད་ཟེར་བ་དེ་ནང་བློའི་སྒང་ལ་མཛུག་གུ་འཛུགས་དགོས། ལྟད་མོ་བལྟས་ནས་མིག་དབང་ལ་བརྟེན་པའི་མིག་གི་ཤེས་པས་ཉམས་སུ་མྱོང་། དེ་དང་འབྲེལ་ནས་ཡིད་བློའི་སྒང་ལ་གནས་སྐབས་ཀྱི་བདེ་བ་རེད། མིག་གིས་ལྟད་མོ་མཐོང་བའི་སྐབས་ཡིད་ཚིམ་པ་ཡོང་གི་རེད། ལྟད་མོ་དེ་འགག་སོང་ན་གང་ཡང་མེད། ཤེས་པར་སྒྲ་སྙན་པོ་ཐོས་པའི་སྐབས་ཡིད་བློ་ཚིམ་པ་ཡོང་གི་རེད་མ་གཏོགས་གང་ཡང་མེད། གང་ལྟར་མ་སྐྱིད་པ་བཟོ་མཁན་དེ་ཡིད་བློའི་ཐོག་ནས་ཡོང་གི་ཡོད། ཡིད་བློའི་སྒང་ནས་མ་སྐྱིད་པ་བཟོ་ཡི་ཡོད་སྟབས་ལུས་ཀྱི་སྟེང་ནས་སེམས་འཁྲུགས་ནས་ཡོད་པ་དེ་མིག་གི་ཤེས་པས་ལྟད་མོ་བལྟས་པ་དང་རྣའི་ཤེས་པས་སྒྲ་ཉན་ཡང་སྡུག་བསྔལ་སེལ་ཐུབ་ཀྱི་མི་འདུག སྒོ་ལྔའི་ཤེས་པ་དེ་དག་མ་བརྟེན་པར་ཡིད་བློ་ཁོ་རང་གི་ཐོག་བསམ་བློ་བཏང་། ཡིད་བློ་མི་བདེ་བ་བཟོ་མཁན་དེ་ག་རེས་བཟོ་ཡི་འདུག དེ་རྒྱུ་དང་རྐྱེན་ག་རེ་རེད་འདུག འདིར་བསམ་བློ་བཏང་ནས་གང་ལྟར་ཡིད་བློའི་སྟེང་ནས་མ་སྐྱིད་པ་ཡོང་གི་ཡོད་པ་དེ་དག་ཉུང་དུ་བཏང་ན། སྡུག་སྔལ་གྱི་བློ་དེ་དག་སེམས་ལ་ཡིད་ཚིམ་པ་དང་བློ་བག་ཕེབ་པོ་ཡོང་གི་ཡོད། གཙོ་བོ་ཡིད་བློར་བརྟེན་ནས་བདེ་སྐྱིད་འཚོལ་རྒྱུ་དེ་གལ་ཆེན་པོ་འདུག
འཛམ་བུ་གླིང་གི་ཆོས་ལུགས་ཚང་མས་མི་དུང་ཕྱུར་མང་པོར་ལོ་སྟོང་ཕྲག་གི་རིང་ཕན་ཐོགས་བྱུང་ཡོད། ཧ་ཅང་ཡག་པོ་རེད། ངོས་ཀྱིས་ཆོས་ལུགས་ཚང་མར་གུས་པ་བྱེད་ཀྱི་ཡོད། ཆོས་ལུགས་ཚང་མ་སྡོམ་བརྒྱབ་ན། འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱི་ཆོས་བརྒྱུད་གཅིག་དང་། འཇིག་རྟེན་བཀོད་པ་པོ་མི་འདོད་མཁན་གྱི་ཆོས་བརྒྱུད་གཅིག་ཡོད། ཇེའུ་དང་ཁ་ཆེ་སོགས་འཇིག་རྟེན་བཀོད་པ་པོ་འདོད་མཁན་ཆགས་ཡོད། འཇིག་རྟེན་བཀོད་པ་པོ་འདོད་མཁན་ཚོས་དཀའ་ངལ་འཕྲད་པའི་སྐབས་དཀོན་མཆོག་གིས་མཁྱེན་ཞེས་འགྲོ་གི་ཡོད། མི་འུ་ཐུག་པའི་སྐབས་དཀོན་མཆོག་གིས་མཁྱེན་ཞེས་བློ་འཇོག་ས་ཡོད་པས་ཕན་ཐོགས་འདུག རྒྱ་གར་གྱི་ཆོས་བརྒྱུད་འཇིག་རྟེན་བཀོད་པ་པོ་མི་འདོད་མཁན་གྲངས་ཅན་ལྷ་མེད་པ་ནས་བཟུང་འཇིག་རྟེན་བཀོད་པ་པོ་མི་འདོད་མཁན་ཚོས་བདེ་སྡུག་ཟེར་བ་སོ་སོའི་སེམས་ཀྱི་སྟེང་ནས་ཡོང་གི་ཡོད་པ་དང། གནད་འགག་ཤེས་པའི་ཐོག་ནས་སྡུག་བསྔལ་མ་ཡོང་བ་དང་ཉུང་དུ་གཏོང་རྒྱུ། ཡིད་བློའི་སྒང་ནས་སེམས་ཞི་ལྷོད་ཡོང་རྒྱུ། དེའི་ནང་ཚན་ནས་སངས་རྒྱས་པའི་ཆོས་ལུགས་དེ་ཡིད་བློའི་རྣམ་གཞག་ཞིབ་ཕྲ་གསུང་ཡོད། དཔེར་ན་ང་ཚོས་བློ་རིག་སྦྱོང་བའི་སྐབས་སེམས་བྱུང་ལྔ་བཅུ་རྩ་གཅིག་སོགས་གང་ལྟར་ཡིད་བློའི་ཐོག་ཞིབ་ཚགས་འདུག་ཅེས་བཀའ་སློབ་སྩལ་བ་དང་།
དེ་ནས་མགོན་པོ་གང་ཉིད་མཆོག་གིས་བྱང་ཆུབ་སེམས་པའི་སྡོམ་པ་འབོག་ཆོག་གི་ཆོས་འབྲེལ་དང་ཐུགས་རྗེ་ཆེན་པོའི་བཀའ་དབང་དབུ་འཛུགས་མཛད་པ་དང་འབྲེལ་ཁོར་ཡུག་གི་སྐོར་བཀའ་སློབ་སྩལ་དོན། འཛམ་གླིང་གི་ཚ་དྲོད་ཡར་འཕེལ་འགྲོ་གི་ཡོད། ངོས་རང་ཁོར་ཡུག་གི་མཁས་པ་ཚོ་དང་ལྷན་ཚོགས་འདུ་འཚོགས་སྐབས། མཁས་པ་ཞིག་གིས་འབྱུང་འགྱུར་ལོ་ ༧༠ དང་ ༨༠ ནང་འཛམ་གླིང་བྱེ་ཐང་ཆགས་རྒྱུའི་ཉེན་ཁ་ཡོད་པ་རེད་ཅེས་བཤད་སོང་། ད་ལྟ་ང་ཚོ་བསྐལ་པ་ཆུས་འཇིག མེས་འཇིག་ཅེས་མངོན་པ་མཛོད་ནས་གསུང་བ་བཞིན་བསྐལ་པ་མེས་འཇིག་རྒྱུའི་མཚམས་ལ་འགྲོ་གི་ཡོད་པ་བཟོ་འདྲ་པོ་འདུག དེའི་ཆ་ནས་བསམ་བློ་བཏང་ནའང་ང་ཚོས་འཁྲུག་པ་རྒྱག་རྒྱུ་ག་རེ་འདུག འཛམ་བུ་གླིང་ག་ལེར་ཚ་དྲོད་ཀྱིས་རྐྱེན་པས་མི་ཚོ་འཚོ་མ་ཐུབ་པའི་མཚམས་ལ་སླེབ་བཞིན་ཡོད། དེ་འདྲ་ཡིན་བཞིན་དུ་ང་ཚོ་གཅིག་གིས་གཅིག་གསོད་རེས་བཏང་། མི་ཡིས་མི་ལ་འཚེ་བ་བྱས། མི་ཡིས་མི་ལ་དབང་ཡོད་བཤད་ན་ག་རེ་ཡོང་གི་རེད། ཧ་ཅང་ཐབས་སྐྱོ་པོ་རེད། ཅེས་དང་།
གཞན་ཡང་མགོན་པོ་གང་ཉིད་མཆོག་གིས་མ་ཎི་འདོན་དགོས་པའི་གལ་གནད་སྐོར་བཀའ་སློབ་སྩལ་དོན། ངོས་ཀྱིས་མ་ཎི་དྲུག་འབུམ་ཚར་མང་པོ་བཏོན་མྱོང་། ཁྱེད་རང་ཚོས་ཀྱང་མ་ཎི་འབུམ་དྲུག་བཏོན་པ་ཡིན་ན་ཕན་ཐོགས་ཡོང་གི་རེད། མ་ཎི་བགྲང་སྐབས་གཙོ་བོ་བྱམས་པ་དང་སྙིང་རྗེ། བྱང་ཆུབ་ཀྱི་སེམས་ལ་བསམ་བློ་ཡག་པོ་གཏོང་དགོས། དེ་བཞིན་སྤྱོད་འཇུག་འདོན་པའི་སྐབས་ལེའུ་དྲུག་པ་དང་བརྒྱད་པར་བསམ་བློ་གཏོང་དགོས། སོ་སོའི་དགའ་ཉེ་བློ་དཀར་དང་གྲོགས་པོ་གྲོགས་མཆེད་གྲོངས་པའི་སྐབས། འདས་པོའི་ཆེད་དུ་དམིགས་ནས་མ་ཎི་དྲུག་འབུམ་རེ་འདོན་ཐུབ་ན་ཏན་ཏན་ཕན་ཐོགས་ཡོང་གི་རེད། དེས་འདས་པོ་དང་མ་ཎི་ཡིག་དྲུག་བགྲང་མཁན་གཉིས་ཀར་ཕན་ཐོགས་ཡོང་གི་རེད། ཅེས་བཀའ་སློབ་སྩལ་བ་དང་།
ཕྱོགས་མཚུངས་མགོན་པོ་གང་ཉིད་མཆོག་གིས་འབར་མ་དང་། བྷང་ལ་དེ་ཤི། ཨ་ཕི་རི་ཁའི་བཙན་བྱོལ་བ་ཚོར་སྨོན་ལམ་གྱི་ཞལ་འདེབས་ནས་རོགས་ཕན་བྱེད་ཐུབ་མིན་སྐོར་བཀའ་སློབ་སྩལ་དོན། ངོས་ཀྱིས་བརྙན་འཕྲིན་ནང་མཐོང་བྱུང་། བྷང་ལ་དེ་ཤི་དང་ཨ་ཕི་རི་ཁའི་བཙན་བྱོལ་བ་ཧ་ཅང་ཉམ་ཐག་པོ་དེ་འདྲ་འདུག སྨོན་ལམ་རྒྱག་རྒྱུ་མ་གཏོགས་བྱེད་རྒྱུ་གང་ཡང་མི་འདུག འཛམ་གླིང་རྒྱལ་ཚོགས་ཀྱི་ཁོངས་ནས་སྐྱོ་པོ་དེ་ཚོའི་གྲས་ལ་ལྟ་རྟོག་བྱེད་རྒྱུ་དེ་ཧ་ཅང་ཡག་པོ་རེད། འཛམ་གླིང་རྒྱལ་ཚོགས་ནས་མི་སྐྱོ་པོ་ཚོར་ལྟ་རྟོག་བྱེད་མཁན་གྱི་སྒྲིག་འཛུགས་ཤིག་ཡོད། སྨོན་ལམ་ལ་ཡོང་མཁན་ཚོས་རྒྱལ་ཚོགས་ཀྱི་ཚོགས་པ་དེར་ཞལ་འདེབས་གནང་ཐུབ་ན་ཡག་པོ་ཡོད། འབར་མ་ནས་ཐོན་པའི་བཙན་བྱོལ་བ་སྐྱོ་པོ་དེ་འདྲ་འདུག ཁ་སང་བརྙན་འཕྲིན་ནང་མཐོང་བྱུང་། བཙན་བྱོལ་བ་དེ་ཚོས། ” ང་ཚོ་ཡང་མི་ཡིན་ ” ཞེས་བརྗོད་དགོས་ཐུག་འདུག སྙིང་རྗེ། ཞེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་ཐུགས་རྗེ་ཆེན་པོའི་བཀའ་དབང་ལེགས་པར་གྲོལ་ཡོད་པ་བཅས། །