ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༩ རེས་གཟའ་ཕུར་བུ།
༄༅། །འདི་གར་སྦར་སིལ་སྐུ་ཚབ་དོན་གཅོད་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༨ རེས་གཟའ་ལྷག་པའི་ཉིན་སྦར་སིལ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་དང་ཡུ་རོབ་མཐུན་ཚོགས་ཀྱི་འབྲེལ་མཐུད་པ་རིག་འཛིན་ཆོས་སྒྲོན་ལགས་རྣམ་གཉིས་ཀྱིས་ཅེག་རྒྱལ་ཁབ་ནས་ཡིན་པའི་ཡུ་རོབ་གྲོས་ཚོགས་འཐུས་མི་སྐུ་ཞབས་མི་ཀུ་ལ་པེག་ས་ Mikula’s Peksa མཆོག་དང་མཇལ་འཕྲད་གནང་འདུག
ཐེངས་འདིའི་མཇལ་འཕྲད་ནི་ཡུ་རོབ་ཁུལ་གྱི་དགུན་ཁའི་དུས་སྟོན་ཁག་གི་གུང་སེང་རྗེས་བོད་དོན་ཞུ་གཏུག་ལས་དོན་དང་པོ་ཆགས་ཀྱི་ཡོད། སྐུ་ཞབས་མི་ཀུ་ལ་པེག་ས་མཆོག་ནི་ཅེག་རྒྱལ་ཁབ་ཀྱི་བོད་དོན་ཐད་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཞིག་ཡིན་པ་མ་ཟད། ཕྱི་ལོ་ ༢༠༡༩ ཟླ་ ༡༡ ནང་བོད་མིའི་སྒྲིག་འཛུགས་ཀྱིས་སུད་སི་གྲོང་ཁྱེར་ཇི་ནི་ཝར་དུ་བོད་དོན་ཚོགས་འདུ་འཚོགས་སྐབས་ཆེད་ཕེབས་གནང་ཡོད།
ཚོགས་འདུའི་ཐོག་གྲོས་ཚོགས་འཐུས་མི་སྐུ་ཞབས་མི་ཀུ་ལ་པེག་ས་མཆོག་དང་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་རྣམ་གཉིས་ཀྱིས་ ༼རྒྱ་ནག་གི་རྒྱལ་སྤྱིའི་ནང་ཆེས་དབང་ཤུགས་ལ་གདོང་ལེན་བྱེད་ཕྱོགས། ༽ ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད།
སྤྱིར་སྐུ་ཞབས་པེག་ས་མཆོག་ནི་ད་ཆ་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་གསར་པ་ཞིག་ཡིན་པར་བརྟེན་དོན་ཁང་ནས་སྐུ་ཞབས་ཁོང་ལ་ཡུ་རོབ་གྲོས་ཚོགས་སུ་བོད་དོན་ཞུ་གཏུག་ལས་རིམ། དཔེར་ན། བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་དང་། ཉན་ཞིབ། འགྲེམ་སྟོན། དེ་བཞིན་ཚོགས་འདུ་སོགས་གནང་སྒོ་ཁག་གི་ལས་རིམ་སྙན་སེང་ཞུས་ཡོད།
ཚོགས་འདུའི་ཐོག་ཡུ་རོབ་གྲོས་ཚོགས་འཐུས་མི་དང་གྲོས་ཚོགས་འཐུས་མིའི་ལས་རོགས་རྣམ་པ་རྒྱ་གར་བཞུགས་སྒར་རྡ་སར་བོད་མིའི་སྒྲིག་འཛུགས་ཐུགས་ཞིབ་ཡོང་ཆེད་གཟིགས་སྐོར་དང་། ཡུ་རོབ་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་ Tibet Interest Group བསྐྱར་འཛུགས་གནང་ཕྱོགས་སྐོར་གྲོས་མོལ་མཐིལ་ཕྱིན་བྱུང་ཡོད་འདུག་པ་བཅས། །