ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༢༠ རེས་གཟའ་ཟླ་བ།
༄༅། །བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་ཁུལ་གྷོ་བ་དང་། མོན་གྷོ་འདོད་རྒྱུ་གླིང་བོད་མིའི་གཞིས་ཆགས། གནས་མཆོག་རྡོ་རྗེ་གདན། བྷི་ཧར་གྱི་རྒྱལ་ས་པཱ་ཊི་ན་བཅས་སུ་མཛད་འཕྲིན་ཁག་རེ་ཞིག་ལེགས་པར་གྲུབ་རྗེས་རྒྱལ་ས་ལྡི་ལིའི་༸སྐུའི་འཕྲོད་བཞེས་བརྟག་དཔྱད་གང་ལེགས་ཐོག་ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༢༠ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡ ཙམ་ལ་བཞུགས་སྒར་དུ་༸ཞབས་སོར་བདེ་བར་འཁོད་གནང་མཛད་འདུག
དེ་ཡང་ཐེངས་འདིར་མགོན་པོ་གང་ཉིད་ཀྱིས་གོང་བརྗོད་ས་གནས་ཁག་ཏུ་མང་ཚོགས་ལ་ཆོས་འབྲེལ་དང་བཀའ་སློབ། བྷི་ཧཱར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་དང་གསར་འགོད་པའི་དྲི་བར་བཀའ་ལན་སྩལ་བ། དེ་བཞིན་ལྷོ་ཤར་ཨེ་ཤི་ཡའི་དད་ལྡན་པ་ཁག་གཅིག་དང་། དྲ་ལམ་བརྒྱུད་རྒྱ་རིགས་དང་བོད་རིགས་མཐོ་རིམ་སློབ་ཕྲུག བོད་རིགས་དང་། སོག་པོ། ར་ཤི་ཡ། ཀོ་རི་ཡ་སོགས་ལ་མཇལ་ཁ་དང་བཀའ་སློབ་སྩལ་བ་སོགས་ཀྱི་རླབས་ཆེན་གྱི་མཛད་འཕྲིན་རྒྱ་ཆེ་བསྐྱངས་ཡོད།
དེ་ཡང་མགོན་པོ་གང་ཉིད་མཆོག་མཁའ་ལམ་བརྒྱུད་རྡ་སའི་ཉེ་འགྲམ་གྷ་གྷལ་གནམ་ཐང་དུ་༸ཞབས་སོར་བདེ་བར་འཁོད་སྐབས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་དང་། སྲིད་ཚབ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་སོགས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་འདུག དེ་ནས་ཆིབས་འགྲོ་བརྒྱུད་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཆིབས་སྒྱུར་སྐྱོང་སྐབས་ཕེབས་ལམ་གཡས་གཡོན་དུ་དད་ལྡན་མང་ཚོགས་རྣམས་ཀྱིས་ལག་ཏུ་དཀར་གཙང་མཇལ་དར་དང་དྲི་བཟང་བདུག་སྤོས་སོགས་ཐོགས་ནས་དགའ་དད་སྤྲོ་གསུམ་སྒོ་ནས་མཇལ་ཞུ་དང་སྦྲགས་ཕེབས་བསུ་གཟབ་རྒྱས་ཞུས་འདུག
དེ་ཡང་མགོན་པོ་གང་ཉིད་མཆོག་ཐོག་མར་ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༡༡ ཉིན་རྒྱ་གར་ལྷོ་ཕྱོགས་གྷོ་བ་གཙུག་ལག་སློབ་གྲྭ་ཆེན་མོས་ཇི་ལྟར་གསོལ་བ་བཏབ་པ་ལྟར་ཁུལ་དེར་དེང་དུས་སྤྱི་ཚོགས་ནང་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཀྱི་དགོས་མཁོ་དང་གལ་གནད་སྐོར་སོགས་བཀའ་སློབ་སྩལ་བ་དང་། ཕྱི་ཚེས་ ༡༤ ཉིན་རྒྱ་གར་ལྷོ་ཕྱོགས་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་ར་གསར་པ་དབུ་འབྱེད་མཛད། དེ་བཞིན་ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་རིམ་ཚུགས་ནས་ལོ་དྲུག་འཁོར་བའི་མཛད་སྒོར་དབུ་བཞུགས་མཛད་འདུག
ཕྱོགས་མཚུངས་ཕྱི་ཚེས་ ༡༦ ཉིན་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་དུ་ཚེ་དབང་བཀའ་དྲིན་སྩལ་བ་དང་། ཕྱི་ཚེས་ ༡༧ ཉིན་གྱི་སྔ་དྲོར་འབྲས་སྤུངས་བློ་གསལ་གླིང་དུ་དབུ་མ་བཞི་བརྒྱ་བའི་བགྲོ་གླེང་དབུ་བཞུགས་མཛད་ཅིང་། ཕྱི་ཚེས་ ༢༠།༢༡ ཉིན་གྱི་སྔ་དྲོར་དགའ་ལྡན་བླ་སྤྱི་རུ་རྗེ་ཙོང་ཁ་པ་ཆེན་པོའི་དགོངས་རྫོགས་མཆོད་འབུལ་སྨོན་ལམ་དབུ་བཞུགས་མཛད་པ་མ་ཟད། རྗེ་རིན་པོ་ཆཻ་དགོངས་པ་གཞན་དོན་དུ་གཤེགས་ནས་བགྲང་བྱ་ ༦༠༠ འཁོར་བའི་རྗེས་དྲན་མཛད་སྒོ་དབུ་བཞུགས་དང་། མཁས་པའི་བགྲོ་གླེང་ཆེན་མོར་དབུ་བཞུགས་མཛད་འདུག དེ་བཞིན་ཚེས་ ༢༢ ཉིན་དགའ་ལྡན་དགོན་པར་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་དང་འབྲས་སྤུངས། དེ་བཞིན་དགའ་ལྡན་དགོན་པ་བཅས་ཀྱིས་འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་མོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་ཚེ་ཡུན་རིང་བརྟན་ཕྱིར་བརྟན་བཞུགས་བསྟར་འབུལ་ཞུས་པར་ཐུགས་དགྱེས་ཚོར་མཛད།
ཕྱི་ཚེས་ ༢༣ རེས་གཟའ་ཟླ་བ་ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་རྟེན་གཞི་བྱས་པའི་དགའ་ལྡན་བྱང་རྩེ་གྲྭ་ཚང་གི་རྩོད་རྒྱུགས་ལས་རིམ་གྱི་ཚོགས་མགོན་དུ་དབུ་བཞུགས་མཛད་པ་དང་།
ཕྱི་ལོ་ ༢༠༢༠ ཕྱི་ཟླ་ ༡ ཚེས་ ༢ ཉིན་གནས་མཆོག་རྡོ་རྗེ་གདན་དུ་རྒྱལ་སྲས་ལག་ལེན་སོ་བདུན་མའི་གསུང་ཆོས་བཀའ་དྲིན་སྩལ་ཡོད། ཕྱི་ཟླ་ ༡ ཚེས་ ༣ ཉིན་མགོན་པོ་མཆོག་གིས་འཕགས་ཡུལ་གནས་མཆོག་རྡོ་རྗེ་གདན་དུ་སྤྱན་རས་གཟིགས་ཀྱི་བཀའ་དབང་བཀའ་དྲིན་སྩལ་བ་མ་ཟད། ཕྱི་ཚེས་ ༤ ནས་ ༦ བར་ཉིན་གྲངས་གསུམ་རིང་དེ་སྔ་ཕྱི་ལོ་ ༢༠༡༨ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་བསྩལ་བའི་འཇམ་དབྱངས་ཆོས་སྐོར་གྱི་བཀའ་ཆོས་འཕྲོ་སྐྱོང་མཛད་འདུག
ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༡༨ ཉིན་གནས་མཆོག་རྡོ་རྗེ་གདན་གྱི་ཆོས་འབྲེལ་སོགས་མཛད་འཕྲིན་ཁག་རེ་ཞིག་ལེགས་གྲུབ་རྗེས་བྷི་ཧར་མངའ་སྡེའི་རྒྱལ་ས་པཱ་ཊི་ནར་རྟེན་གཞི་བྱས་པའི་མངའ་སྡེ་གཞུང་གི་བྷི་ཧར་ཁྲིམས་ལུགས་སྦྱོང་བརྡར་བསྟི་གནས་ཁང་ Bihar Judicial Academy དུ་ཇི་ལྟར་སྔོན་ནས་གདན་ཞུའི་གསོལ་འདེབས་ཞུ་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་སྟེ་ཁུལ་དེར་བཀའ་སློབ་སྩལ་བ་སོགས་མཛད་འཕྲིན་རྒྱ་ཆེ་བསྐྱངས་ཡོད་པ་བཅས། །