ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༡༧ རེས་གཟའ་པ་སངས།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་སྐལ་བཟང་རྒྱ་མཚོ་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༡༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཡོལ་ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་མཆོད་རྟེན་ཆེན་མོའི་ནང་སྟོན་པ་པ་ཐུབ་པའི་དབང་པོའི་སྐུ་བརྙན་གྱི་དྲུང་དུ་མཆོད་མཇལ་དང་ཐུགས་སྨོན་མཛད་ཡོད།
དེ་ཡང་སྔ་དྲོ་མགོན་པོ་གང་ཉིད་མཆོག་དང་སྐུ་འཁོར་ལྷན་རྒྱས་དགའ་ལྡན་འཕེལ་རྒྱས་གླིང་ནས་རླངས་འཁོར་བརྒྱུད་བྱང་ཆུབ་མཆོད་རྟེན་ཆེན་མོའི་སྒོ་འགྲམ་བར་ཆིབས་སྒྱུར་མཛད་སྐབས། ཕེབས་ལམ་གྱི་གཡས་གཡོན་དུ་འཛམ་གླིང་གི་རྒྱལ་ཁབ་འདྲ་མིན་གྱི་དད་ལྡན་ཆོས་ཞུ་བ་དང་ཡུལ་སྐོར་སྤྲོ་འཆམ་པ་སོགས་སེར་སྐྱ་མི་མང་སྟོང་ཕྲག་བརྒལ་བས་ལག་ཏུ་དཀར་གཙང་མཇལ་དར་དང་། མེ་ཏོག བདུག་སྤོས་སོགས་བཟུང་ནས་ཕེབས་བསུ་ཞུས། མགོན་པོ་གང་ཉིད་ཀྱིས་རྟེན་གཙོ་ཐུབ་པའི་སྐུ་བརྙན་རིན་པོ་ཆེའི་དྲུང་དུ་བཞུགས་གནང་མཛད་དེ་ཐོག་མར་སྣང་གསལ་མར་མེ་ཞལ་ཕྱེ་མཛད་རྗེས། མགོན་པོ་གང་ཉིད་མཆོག་གིས་དབུས་སྐུ་འཁོར་ལྷན་རྒྱས་ནས་བདེན་ཚིག་སྨོན་ལམ་སོགས་གསུང་འདོན་དང་ཐུགས་སྨོན་རྒྱ་ཆེར་མཛད།
མཆོད་མཇལ་གྲུབ་གྲུབ་བསྟུན་མགོན་པོ་གང་ཉིད་ཀྱིས་བྱང་ཆུབ་མཆོད་རྟེན་ཆེན་མོའི་མདུན་དུ་རྒྱ་གར་གྱི་གསར་འགོད་པ་ཞིག་གིས། ཐེངས་འདིར་ས་གནས་ཡུལ་མི་དང་། ཡང་སྒོས་འཛམ་གླིང་མི་མང་སྤྱི་ལ་བཀའ་སློབ་སྩལ་གནང་ཡོང་བའི་གསོལ་འདེབས་ཞུས་པའི་བཀའ་ལན་དུ། མི་ཚེ་བདེ་སྐྱིད་ལྡན་པ་ཞིག་མི་ཚང་མས་འདོད་པ་རེད། བདེ་སྐྱིད་དགོས་ན་སེམས་བཟང་པོ་བྱེད་དགོས། དེ་ནི་བདེ་སྐྱིད་ཀྱི་རྩ་བ་ཡིན། འཚེ་བ་མེད་པ་དང་སྙིང་རྗེའི་ཉམས་ལེན་ནི་འདས་པའི་ལོ་ངོ་སྟོང་ཕྲག་རིང་རྒྱ་གར་ནང་དར་བའི་རིག་གཞུང་ཞིག་ཆགས་ཡོད། བདེ་སྐྱིད་ཀྱི་རྩ་བ་དེ་ཁུངས་གཏུགས་པ་ཡིན་ན་སྙིང་རྗེ་རེད། ཆོས་དད་ཡོད་མེད་སྐད་ཆ་མིན།
གང་ལྟར་ང་ཚོས་ངེས་པར་དུ་སེམས་པ་བཟང་པོ་ཡོང་བར་དོ་སྣང་བྱེད་དགོས། ཚན་རིག་པས་འགྲོ་བ་མིའི་ལྷན་སྐྱེས་རང་བཞིན་དེ་བྱམས་བརྩེའི་རང་བཞིན་ཡིན་པ་བརྗོད་ཀྱི་འདུག ང་ཚོ་སྤྱི་ཚོགས་ལ་བརྟེན་པའི་སྲོག་ཆགས་རེད། དེར་བརྟེན་སྤྱིའི་བདེ་དོན་ལ་སེམས་ཁུར་བྱ་རྒྱུས་མཚོན་སྙིང་རྗེའི་ས་བོན་དེ་ང་ཚོར་ཡོད་པ་རེད། དཔེར་ན་རྒྱལ་བ་དམ་པའི་Jainism རིག་གཞུང་ལ་མཚོན་ནའང་འདས་པའི་ལོ་ངོ་ ༣༠༠༠ ལྷག་གི་རྒྱ་གར་གྱི་རིག་གཞུང་ནས་མཆེད་པ་ཞིག་རེད། གཅེར་བུ་བ་ཚོས་འཚེ་བ་མེད་པའི་ཉམས་ལེན་གཙོ་འདོན་བྱེད་ཀྱི་ཡོད། ཕྱིས་སུ་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཀྱང་དེ་ལྟར་གནང་ཡོད། འོན་ཀྱང་དེ་གཉིས་དབར་ལྟ་གྲུབ་ཀྱི་ཐོག་ནས་ཁྱད་པར་ཡོད། སངས་རྒྱས་བཅོམ་ལྡན་འདས་རང་ཉིད་ཀྱིས། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟག་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། ། ཞེས་གསུངས་ཡོད།
གསུང་དེ་ནི་ཚན་རིག་དང་མཐུན་པ་ཞིག་རེད། རིམ་པས་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་ཚུགས། སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བཀའ་གནང་བ་ལྟར། ང་ཚོས་དད་པ་གཅིག་པུའི་ཐོག་ནས་མ་ཕྱིན་པར་གཙོ་བོ་རྒྱུ་མཚན་ལ་བསམ་བློ་བཏང་ནས་ཚད་མ་རིག་པར་སློབ་སྦྱོང་གཏིང་ཟབ་བྱེད་ཀྱི་ཡོད། དེར་བརྟེན་ལེགས་སྦྱར་གྱི་སྐད་ལ་གཙོ་བོར་བརྟེན་པའི་དཔལ་ནཱ་ལེནྡྲའི་རིག་གཞུང་དེང་སང་ཚན་རིག་དང་མཉམ་དུ་དཔུང་པ་མཉམ་གཤིབས་བྱས་ནས་འགྲོ་ཐུབ་མཁན་ཆགས་ཡོད། ཅེས་བཀའ་ལན་སྩལ་རྗེས་ཆུ་ཚོད་ ༡༠།༣༥ ཙམ་ལ་མགོན་པོ་གང་ཉིད་གནས་མཆོག་རྡོ་རྗེ་གདན་ནས་རླངས་འཁོར་བརྒྱུད་བྷི་ཧར་གྱི་རྒྱལ་ས་པཱ་ཊི་ནར་ཆིབས་སྒྱུར་བསྐྱངས་ཡོད་པ་བཅས།།