ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༩ རེས་གཟའ་ཕུར་བུ།
༄༅། །ཨོ་སི་ཊི་ལི་ཡར་མེ་སྐྱོན་ཚབས་ཆེ་བྱུང་བར་འགྲོ་བ་མི་དང་སྲོག་ཆགས་མང་པོའི་ཚེ་སྲོག་ཤོར་བར་འཛམ་གླིང་ཞི་བདེའི་དེད་དཔོན། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༨ རེས་གཟའ་ལྷག་པའི་ཉིན་ཨོ་སི་ཊི་ལི་ཡའི་སྲིད་བློན་སྐུ་ཞབས་སི་ཀོཌ་མོ་རི་སོན་ Scott Morrison མཆོག་ལ་ཐུགས་གསོའི་གསུང་འཕྲིན་སྩལ་དོན།
ངོས་ཀྱིས་ཨོ་སི་ཊི་ལི་ཡའི་སྲིད་བློན་མཆོག་གིས་གཙོས་ས་གནས་ཀྱི་མི་མང་ཡོངས་ལ་ཐེངས་འདིའི་ནགས་ཚལ་མེ་སྐྱོན་ཤོར་བའི་རྐྱེན་གྱི་ས་གནས་ཀྱི་ཡུལ་ལྗོངས་མཛེས་པོ་དེ་དག་རྩ་གཏོར་ཆེན་པོ་བྱུང་བར་གདུང་སེམས་མཉམ་སྐྱེ་ཡོད།
ཨོ་སི་ཊི་ལི་ཡའི་ནང་མེ་སྐྱོན་ཆེན་པོ་བྱུང་བར་སེམས་འཚབ་སྐྱེ་དགོས་པ་ཞིག་ཡིན་ཡང་། སྐབས་དེར་ས་གནས་མང་ཚོགས་ནས་དང་བླངས་ཐོག་བློ་ཁོག་ཆེན་པོས་མེ་གསོད་ཀྱི་ལས་དོན་ཐོག་མཉམ་ཞུགས་གནང་བ་ནི་སེམས་ཤུགས་སྐྱེ་འོས་པ་ཞིག་རེད།
ནགས་ཚལ་མེ་སྐྱོན་རྐྱེན་གྱིས་འདས་གྲོངས་སུ་གྱུར་བའི་ཤུལ་ལུས་ནང་མི་སྤུན་མཆེད་རྣམས་དང་། རྒྱུ་དངོས་སོགས་ལ་མེ་སྐྱོན་གྱིས་གནོད་འཚེ་ཕོག་སྟེ་ཆགས་ས་རྟེན་ས་མེད་པའི་མི་མང་བཅས་ཡོངས་ལ་ངོས་ཀྱིས་གདུང་སེམས་མཉམ་སྐྱེ་ཞུ་གི་ཡོད། མེ་སྐྱོན་རྐྱེན་པས་བྱ་བྱིའུ་དང་སེམས་ཅན་ཧ་ཅང་མང་པོ་ཞིག་ཚེ་སྲོག་ཤོར་བ་ནི་ཧ་ཅང་ཛ་དྲག་པོའི་གནས་སྟངས་ཤིག་ཡིན། དུས་ཚོད་དེ་དང་བསྟུན། ངོས་ཀྱིས་སྐུ་ཉིད་ཀྱི་གཞུང་དང་། མངའ་སྡེ་དང་ས་གནས་གཞུང་བཅས་ནས་མེ་སྐྱོན་གྱིས་གནོད་འཚེ་ཕོག་པ་རྣམས་ལ་དུས་ཐོག་མཐུན་འགྱུར་རོགས་རམ་གནང་བར་ཡི་རངས་བསྔགས་བརྗོད་ཞུ་གི་ཡོད།
ཕྱོགས་མཚུངས་རྒྱལ་སྤྱིའི་སྤྱི་ཚོགས་ནས་མེ་སྐྱོན་གྱིས་གནོད་འཚེ་ཕོག་མཁན་རྣམས་ལ་མཐུན་འགྱུར་རྒྱབ་སྐྱོར་གནང་སྟེ་གདུང་སེམས་མཉམ་སྐྱེ་གནང་བར་ངོས་རང་སེམས་འགུལ་ཆེན་པོ་ཐེབས་སོང་། ལས་དོན་དེ་ལྟ་བུ་ནི་འགྲོ་བ་མི་གཅིག་གྱུར་དང་བྱམས་སྙིང་རྗེའི་རང་བཞིན་གྱི་དཔེ་མཚོན་ཡིན། ང་ཚོ་མི་རེ་ངོ་རེ་ངོས་ནས་ད་ཆ་གོ་ལའི་ཚ་དྲོད་རྒྱས་པར་བརྟེན་ནས་ཛ་དྲག་དཀའ་ངལ་སེལ་ཆེད་དོན་ཕན་ལྡན་པའི་ཐབས་ལམ་ཞིག་འཚོལ་དགོས་ཀྱི་ཡོད། ཅེས་དང་།
ཁྱེད་རྣམ་པས་མཁྱེན་གསལ་ལྟར། ངོས་རང་དེ་སྔོན་ཨོ་སི་ཊིི་ལི་ཡར་ཡང་ཡང་སླེབས་ཐུབ་ཀྱི་ཡོད་པ་དང་། དེའི་སྐབས་ས་གནས་མི་མང་ནས་ངོས་ལ་བཅངས་པའི་བརྩེ་སེམས་དང་། ངོས་ཀྱི་འགྲོ་བ་མིའི་རིན་ཐང་དང་སེམས་ཀྱི་ཞི་བདེ་གོང་འཕེལ་གཏོང་རྒྱུའི་ལས་དོན་ཐོག་དོ་སྣང་ཆེན་པོ་གནང་བར་ངོས་རང་སེམས་འགུལ་ཆེན་པོ་ཐེབས་བྱུང་། ཞེས་འཁོད་འདུག
གསུང་འཕྲིན་ངོ་མ་ཨིན་ཡིག་ནས་བོད་སྒྱུར་ཞུས་པས་ཨིན་ཡིག་ལ་རྩ་འཛིན་ཡོང་བ་ཞུ།