ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༨ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༧ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་གྱི་བཞུགས་གནས་ཕོ་བྲང་དུ་ལྷོ་ཤར་ཨེ་ཤི་ཡའི་དད་ལྡན་པ་ཁག་གཅིག་ལ་མཇལ་ཁ་དང་བླང་དོར་བཀའ་སློབ་སྩལ་དོན། ཐོག་མར་ངོས་ཀྱིས་ནང་པའི་ཆོས་གྲོགས་ཕོ་མོ་ཁྱེད་རང་ཚོར་འཚམས་འདྲི་ཡོད། གཞི་རྩའི་ཆ་ནས་ང་ཚོ་ཚང་མ་ལེགས་སྦྱར་སྐད་ནང་བཞུགས་པའི་དཔལ་ནཱ་ལེནྜ་ན་དར་བའི་ནང་ཆོས་རྗེས་འབྲང་པ་གཅིག་པ་ཆགས་ཡོད། པཱ་ལིའི་ཆོས་བརྒྱུད་དང་མི་འདྲ་བ་གང་ཡིན་བརྗོད་ན་པཱ་ལིའི་ཆོས་བརྒྱུད་དེ་གཙོ་ཆེར་སངས་རྒྱས་ཀྱི་ལུང་གཙོ་བོར་འཛིན་བཞིན་ཡོད། ལེགས་སྦྱར་ཆོས་བརྒྱུད་ནང་སངས་རྒྱས་ཀྱི་བཀའི་དགོངས་དོན་ལ་རིག་པའི་ལམ་ནས་བརྟག་དཔྱས་བྱས་ནས་འགྲོ་བ་རེད། དེར་བརྟེན་ལེགས་སྦྱར་ཆོས་བརྒྱུད་ནང་རྒྱུ་མཚན་དང་རིག་པའི་ལམ་ལ་བརྟེན་ནས་འགྲོ་བ་རེད། དེ་ཡང་ནཱ་ལེནྜའི་མཁས་པ་ཆེན་པོ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་དང་སངས་རྒྱས་བསྐྱངས། ཟླ་བ་གྲགས་པ་ལྟ་བུ་ནཱ་ལེནྜའི་མཁས་པ་བསམ་གྱིས་མི་ཁྱབ་པ་དེ་དག་གིས་རྒྱལ་བའི་བཀའ་ལ་ཡིན་ནའང་རིག་པས་དཔྱད་པ་བྱས་ནས་སྟོན་པས་འདུལ་བྱའི་ཁམས་དང་མོས་པར་བརྟེན་ནས་ཆོས་བསྟན་པ་དེ་དག་དྲང་ངེས་དབྱེ་བ་ཕྱེ་ནས་ཁས་བླངས་པ་མ་གཏོགས་སངས་རྒྱས་བཅོམ་ལྡན་འདས་ཀྱི་བཀའ་ཡོད་ཚད་སྒྲ་ཇི་བཞིན་པར་ཁས་ལེན་བྱེད་ཀྱི་མེད། སྟོན་པ་རང་ཉིད་ནས་ཀྱང་། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟག་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། ། ཞེས་གསུང་ཡོད། ང་ཚོའི་འགྲོ་སྟངས་འདི་དེང་སྐབས་ཚད་རྡུལ་དངོས་ཁམས་རིག་པ་དང་གཅིག་པ་རེད། ཚད་རྡུལ་དངོས་ཁམས་རིག་པའི་ཚན་རིག་པ་ཚོས་ཆོས་རྣམས་ཀྱི་གནས་ལུགས་སྐོར་འགྲེལ་བརྗོད་བྱེད་སྐབས་ངའི་སེམས་ཀྱི་ཞེ་ཕུག་དེར། དེའི་སྐོར་ལ་ངོས་རང་ཁོ་ཚོ་ལས་ཡག་པ་ཤེས་ཀྱི་ཡོད་བསམ་པ་དྲན་མྱོང་ཡོད། ཅེས་ཞལ་ཤོབ་མཛད་ནས་མུ་མཐུད་བཀའ་སློབ་ཕེབས་དོན།
དེ་སྔ་ངོས་ཀྱི་གྲོགས་པོ་རྒྱ་གར་ཚན་རིག་པ་སྐུ་ཞབས་རཱ་ཇ་ར་མན་ན་ཞུ་བ་ཞིག་ཡོད། ཁོང་གིས། ཚད་རྡུལ་དངོས་ཁམས་རིག་པའི་རྣམ་གཞག་དེ་ནུབ་ཕྱོགས་ལ་རྣམ་གཞག་གསར་དར་ཞིག་ཡིན་ཡང་རྒྱ་གར་ནང་ལོ་ངོ་ ༢༥༠༠ གོང་ནས་དར་ཟིན་སྐོར་གསུང་པ་དང་སྦྲགས། ཀླུ་སྒྲུབ་ཀྱི་རྩ་བ་ཤེས་རབ་ལས་དྲངས་ནས་ཚིགས་བཅད་གཅིག་བཏོན་གནང་བྱུང་། སྟོན་པ་མངོན་པར་རྫོགས་པ་སངས་རྒྱས་ནས་གནས་མཆོག་ཝཱ་རཱ་ཎ་སིར་བཀའ་དང་པོ་བདེན་བཞིའི་ཆོས་འཁོར་དེ་དག་པཱ་ལའི་སྐད་ཐོག་གསུང་པ་རེད། བསླབ་པ་གསུམ་ཡིག་ཐོག་ལ་བཀོད་པ་དེ་སྡེ་སྣོད་གསུམ་རེད། པཱ་ལའི་གཞུང་དེ་དག་ནང་པའི་ཆོས་ཀྱི་རྨང་གཞི་རེད། ཤྲཱི་ལངྐ། འབར་མ། ཐེ་ལེནྜི། ཀེམ་བྷོ་ཌི་ཡ། ལའོ་སི། དེ་བཞིན་རྒྱ་ནག་དང་ཝི་ཏི་ནམ། ཀོ་རི་ཡ། ཉི་ཧོང་། སོག་པོ། བོད་དང་བཅས་པ་ཚང་མ་ནང་པའི་ཡུལ་གྲུ་རེད། རྒྱལ་སྲས་གཞོན་ནུ་དོན་གྲུབ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ནས་ལོ་དྲུག་དཀའ་དཔྱད་མཛད་ཡོད། དེ་ནས་མངོན་པར་རྫོགས་པ་སངས་རྒྱས་པ་རེད།
ད་ལྟའི་འཛམ་གླིང་ནང་གི་གནས་སྟངས་ལ་གགཟིགས་དང་། འཚེ་བ་ཧ་ཅང་འདུག འཚེ་བ་དེ་དག་མིས་བཟོས་པ་རེད། ཡེ་ཤུའི་ཆོས་པ་ཞིག་གི་ངོས་ནས་བལྟས་ཀྱང་ང་ཚོ་ཚང་མ་འཇིག་རྟེན་བཀོད་པ་པོ་དཀོན་མཆོག་གཅིག་གིས་བཀོད་པ་ཤ་སྟག་རེད། འཇིག་རྟེན་བཀོད་པ་འདོད་མཁན་ཚོས་དཀོན་མཆོག་ཁེས་ལེན་པ་རེད། ལྟ་གྲུབ་དེའི་རྗེས་སུ་འབྲང་མཁན་ཚོས་ང་ཚོ་ཚང་མ་དཀོན་མཆོག་གཅིག་གིས་བཀོད་པ་ཡིན་སྟབས་འཛམ་གླིང་གི་མི་འབོར་ཐེར་འབུམ་བདུན་ཡོད་པ་ཐམས་ཅད་ཕ་གཅིག་ལས་མཆེད་པའི་སྤུན་མཆེད་ཕོ་མོ་ལྟ་བུ་རེད། ཡོན་ཀྱང་སྤུན་མཆེད་ནང་ཁུལ་གསོད་རེས་གཏོང་བ་དེ་དག་ཧ་ཅང་ཐབས་སྡུག་རེད།
ངོས་ཀྱིས་ཆོས་ལུགས་ཚང་མར་གུས་པ་བྱེད་ཀྱི་ཡོད། གང་ཡིན་བརྗོད་ན་ཆོས་ལུགས་མཐུན་སྒྲིལ་གོང་འཕེལ་གཏོང་རྒྱུ་དེ་ངོས་ཀྱི་ལས་འགན་ཞིག་ཡིན། ད་ཆ་ལོ་ངོ་སྟོང་ཕྲག་རིང་ནས་དར་བའི་འཇིག་རྟེན་བཀོད་པ་པོ་འདོད་མཁན་ཆོས་ལུགས་དེ་དག་གིས་མིའི་དཀའ་ངལ་སེལ་མ་ཐུབ་པ་ལྟ་བུ་ཞིག་མཐོང་གི་འདུག (བཞད་མོ་བཞད་) ཁ་ནས་དཀོན་མཆོག་མཁྱེན། ཞེས་སྨོན་ལམ་བརྒྱབ་པ་ཙམ་ལས་དངོས་ཡོད་གནས་ཚོད་ལ་ང་ཚོ་དང་ཁོ་པ་ཚོ། ཟེར་ནས་ཕན་ཚུན་གསོད་རེས་གཏོང་བཞིན་པ་རེད། སངས་རྒྱས་ཆོས་ལུགས་ཀྱི་འཇིག་རྟེན་བཀོད་པ་པོ་མི་འདོད། ཐུབ་པ་རང་ཉིད་ཀྱིས་ཞལ་ནས།
ཐུབ་རྣམས་སྡིག་པ་ཆུ་ཡིས་མི་འཁྲུ་ཞིང༌། །
འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ། །
ཉིད་ཀྱི་རྟོགས་པ་གཞན་ལ་སྤོ་མིན་ཏེ། །
ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་མཛད། །ཅེས་གསུང་ཡོད། དེ་བདེན་པ་རེད། སེམས་ཀྱི་ཞི་བདེ་མེད་པ་བཟོ་མཁན་ཁོང་ཁྲོའི་བློ་རེད། སྟོན་པས་ཆོས་བསྟན་ནས་གདུལ་བྱ་འཁོར་བ་ལས་གྲོལ་བར་མཛད་པ་མ་གཏོགས་ཆོ་འཁྲུལ་བསྟན་ནས་དུལ་བྱ་འཁོར་བ་ལས་འདྲེན་པ་མ་རེད། ཆོས་ལུགས་གཙོ་ཆེ་བ་ཚང་མས་གཙོ་བོ་དཀོན་མཆོག་མཁྱེན་ཟེར་ནས་འགྲོ་བཞིན་ཡོད། འོན་ཀྱང་རྒྱ་གར་གནའ་རབས་ཀྱི་ལྟ་གྲུབ་སྤྱི་དང་ལྷག་པར་དཔལ་ནཱ་ལེནྜ་ནས་བརྒྱུད་པའི་ལྟ་གྲུབ་དེ་དག་གིས་གཙོ་བོ་སེམས་རྒྱུད་དུལ་ཐབས་སྐོར་གསུང་བ་རེད། དད་པ་ཙམ་གྱི་རྗེས་སུ་མ་འབྲངས་པར་རྒྱུ་མཚན་བཀོད་ནས་རིག་པའི་རྣམ་གྲངས་མཐའ་ཡས་པའི་སྒོ་ནས་ཆོས་རྣམས་ཀྱི་གནས་ལུགས་ལ་དཔྱད་པ་བྱེད་མཁན་དེ་ནཱ་ལེནྜ་ནས་དར་བའི་བསྟན་པ་དེ་ཁོ་ན་རེད་འདུག ང་ཚོ་ཚང་མ་ནཱ་ལེནྜའི་གཞུང་རྗེས་སུ་འབྲང་མཁན་རེད། སྐབས་རེ་མི་ཁག་གཅིག་གིས་ཐེག་ཆེན་ཐེག་དམན། ཞེས་ཐ་སྣད་དེ་བེད་སྤྱོད་བྱེད་ཀྱི་འདུག ངོས་རང་ཐ་སྙད་དེར་མོས་པོ་མེད། གང་ཡིན་བརྗོད་ན་ཐ་སྙད་དེས་ཐེག་པ་ཆེན་པོ་བརྗོད་སྐབས་མཐོ་བ་ཞིག་ཡིན་པ་དང་། ཐེག་དམན་བརྗོད་སྐབས་ཏོག་ཙམ་གོ་ས་དམའ་བ་ཡིན་པའི་རྣམ་འགྱུར་འདུག དེ་འདྲ་རྩ་བ་ནས་མ་རེད། གནས་བརྟན་སྡེ་པར་མཚོན་ན་སངས་རྒྱས་པའི་ཆོས་ཀྱི་རྨང་གཞི་རེད། ཐེག་དམན་ཞེས་ཟེར་སྲོལ་ཡོད། ལེགས་སྦྱར་ཆོས་བརྒྱུད་ལ་ཐེག་པ་ཆེན་པོ་ཞེས་ཏོག་ཙམ་མཐོ་བའི་རྣམ་པ་འདུག དེ་འདྲ་རྩ་བ་ནས་མ་རེད། ནང་ཆོས་ཀྱི་རྨང་གཞི་གནས་བརྟན་སྡེ་པའི་ལུགས་ཡིན་ནའང་མི་འདྲ་བ་དེ་ལེགས་སྦྱར་ཆོས་བརྒྱུད་འཛིན་མཁན་ཚོས་རིག་པའི་ལམ་ནས་བརྟག་དཔྱད་ཧ་ཅང་བྱེད་ཀྱི་ཡོད། ངོས་ཀྱི་དེང་སྐབས་པཱ་ལའི་གཞུང་དང་ལེགས་སྦྱར་གཞུང་ཞེས་འབོད་པ་མ་གཏོགས་ཐེག་ཆེན་ཐེག་དམན་ཟེར་གྱི་མེད། ནཱ་ལེནྜའི་གཞུང་གི་འགྲོ་སྟངས་དེ་ཤེས་ཡོན་གྱི་ངོ་བོའི་ཐོག་ནས་ནང་ཆོས་ལ་སློབ་སྦྱོང་བྱེད་པ་རེད། ནཱ་ལེནྜའི་གཞུང་གི་རྗེས་སུ་འབྲང་མཁན་ཞིག་ཡིན་ན་ལམ་སང་ཡིན་པ་རེད། ཟེར་ནས་ཁས་ལེན་བྱེད་ཀྱི་མ་རེད། ཡིན་མིན་ཚད་མ་དང་རིག་པའི་ལམ་ནས་བརྡར་ཤ་བཅད་ནས་ཁས་ལེན་བྱས་པ་རེད། ཅེས་བརྗོད་ཀྱི་མ་རེད། དེར་བརྟེན་ནཱལེནྜའི་མཁས་པ་དེ་དག་གིས་ཚད་མའི་སྐོར་དེབ་ཧ་ཅང་མང་པོ་བྲིས་ཡོད།
མཚམས་རེ་ངོས་ཀྱིས་འབར་མ་དང་ཐེ་ལེནྜའི་དགེ་སློང་ཚོར་རྩེད་མོ་རྩེད་ནས་ཁྱེད་ཚོས་སངས་རྒྱས་ཀྱི་ལུང་ཙམ་ལ་བསྟེན་ནས་འགྲོ་བ་རེད། སོ་མེད་མཁན་གྱིས་ཟ་མ་བཟས་པ་ལྟ་བུ་རེད། ཟ་མ་སྙི་མོ་ཡིན་ན་ལས་སླ་པོར་མིད་ཀྱང་ཟ་མ་མཁྲེགས་པོ་ཡོད་ན་སོ་རྒྱག་མ་ཐུབ་པ་རེད། འོན་ཀྱང་ང་ཚོ་ནཱ་ལའེནྜའི་གཞུང་རྗེས་སུ་འབྲང་མཁན་ཚོར་སོ་ཡོད་པ་མ་ཟད། སོ་ཧ་ཅང་མཁྲེགས་པོ་ཡོད་སྟབས་ཟ་མ་མཁྲེགས་པོ་ཇི་འདྲ་ཞིག་ཡོད་ཀྱང་སོས་ལས་སླ་པོ་བྱས་ནས་ལྡད་པ་རེད། ཅེས་ཞལ་ཤོབ་མཛད་ནས་མུ་མཐུད་བཀའ་སློབ་སྩལ་དོན།
ད་ཆ་དུས་རབས་ ༢༡ ནང་སླེབས་ཡོད། རིགས་པའི་ལམ་ནས་སངས་རྒྱས་ཀྱི་བསྟན་པ་ལ་ཤེས་ནས་དད་པ་ཐོབ་པ་ཞིག་བྱུང་ན་བསྟན་པ་དདུང་ལོ་ངོ་བརྒྱ་ཕྲག་འགའ་ཤས་གནས་ཐུབ་རྒྱུ་རེད། དད་པ་ཙམ་ལ་བརྟེན་ནས་འགྲོ་རྒྱུའི་དུས་ཚོད་ད་ཆ་ཡོལ་ཟིན་པ་རེད། དེར་བརྟེན་ནང་པའི་ཆོས་ལ་སློབ་སྦྱོང་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། སངས་རྒྱས་ལ་སྐྱབས་སུ་མཆིའོ། ཟེར་ནས་དད་པ་རྐྱང་རྐྱང་ཐོག་ནས་ཕྱིན་པ་ཡིན་ན་བསྟན་པ་ཡུན་རིང་པོར་གནས་ཐུབ་ཀྱི་མ་རེད། ཅེས་སོགས་ཀྱི་བཀའ་སློབ་སྩལ། །