ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༢ རེས་གཟའ་ཕུར་བུ།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་སྐལ་བཟང་རྒྱ་མཚོ་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༢ རེས་གཟའ་ཕུར་བུ་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༤༠ ཡོལ་ཙམ་ལ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གནས་མཆོག་རྡོ་རྗེ་གདན་དུ་དུས་འཁོར་དབང་ཆེན་གསུང་ཆོས་ར་བའི་བཞུགས་ཁྲིའི་སྟེང་༸ཞབས་སོར་འཁོད་པ་དང་བསྟུན། གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་མཆོད་རྟེན་ཆེན་མོའི་རྒྱ་གར་དང་ཤྲི་ལངྐཱའི་གནས་བརྟན་སྡེ་པའི་དགེ་འདུན་པ་ཁག་གཅིག་གིས་པཱ་ལིའི་སྐད་ཐོག་སངས་རྒྱས་རྗེས་དྲན་གྱི་མདོ་གསུང་འདོན་གནང་བ་དང་འབྲེལ་ས་གནས་ཀྱི་ Maitreya ཞེས་པའི་སློབ་གྲྭའི་སློབ་ཕྲུག་ཁག་གཅིག་གིས་ལེགས་སྦྱར་གྱི་སྐད་ཐོག་ཤེས་རབ་སྙིང་པོ་གསུང་འདོན་དང་། དེ་བཞིན་རྒྱ་རིགས་དགེ་འདུན་པ་དང་མི་སྐྱ་ཕོ་མོ་ཁག་གཅིག་གིས་རྒྱ་སྐད་ཐོག་ཤེས་རབ་སྙིང་པོ་གསུང་འདོན་གནང་།
དེ་ཡང་ཐེངས་འདིའི་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་གསུང་ཆོས་ཆེད་དཔལ་ས་སྐྱ་ཁྲི་འཛིན་རིན་པོ་ཆེ་མཆོག་དང་། དགའ་ལྡན་ཁྲི་རིན་པོ་ཆེ་མཆོག དགའ་ལྡན་ཁྲི་ཟུར་རི་རྫོང་རིན་པོ་ཆེ་མཆོག ཤར་བྱང་གི་ཆོས་རྗེརྣམ་གཉིས། བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག རྣམ་རྒྱལ་གྲྭ་ཚང་གི་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག བཀའ་བློན་ཁྲི་ཟུར་མཁས་དབང་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག དད་ལྡན་སྦྱིན་བདག་རྣམ་པ། ཨ་རིའི་ཧོ་ལི་འུ་ཊིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་དང་ཡུན་རིང་ནས་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་སྐུ་ཞབས་རི་ཆ་ཌི་གྷེར་ Richard Gere ལགས་སོགས་རིས་མེད་དགོན་སྡེ་ཁག་གི་མཁན་པོ་ལས་ཟུར་རྣམ་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གཙོས་ཆོས་རིག་བཀའ་བློན་མཆོག བོད་མི་མང་སྤྱི་འཐུས་ཁག་གཅིག སེར་སྐྱ་ཕོ་མོ། དེ་བཞིན་ཕྱི་རྒྱལ་ཡུལ་གྲུ་ཁག་ ༦༩ ཙམ་ནས་ཕེབས་པའི་དད་ལྡན་ཆོས་ཞུ་བ་ ༣༠༠༠༠ ལྷག་ཕེབས་འདུག
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལག་ལེན་སོ་བདུན་མའི་གསུང་ཆོས་དབུ་འཛུགས་མ་མཛད་གོང་དད་ལྡན་ཆོས་ཞུ་བ་རྣམས་ལ་བཀའ་སློབ་སྩལ་དོན། དེ་རིང་འདིར་པཱ་ལིའི་གསུང་སྐད་ཐོག་སངས་རྒྱས་རྗེས་དྲན་གསུང་པ་རེད། སངས་རྒྱས་བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་ནས་རིང་པོར་མ་སོང་བར་གནས་མཆོག་ཝཱ་རཱ་ཎ་སིར་ཆོས་སྐོར་དང་པོ་བདེན་པ་བཞི་གསུངས། དེ་ནི་སངས་རྒྱས་པའི་ཆོས་ཀྱི་རྨང་གཞི་ཆགས་ཡོད་པ་རེད། ཤྲི་ལངྐཱ་དང་། ཐའི་ལན་ཌི། འབར་མ། ཁམ་བྷོ་ཌི་ཡ། ལའོ་སི། དེ་བཞིན་རྒྱ་ནག་དང་། བོད། ཀོ་རི་ཡ་བཅས་ཀྱི་འདུལ་བའི་ཉམས་ལེན་ཚང་མ་གཅིག་གྱུར་ཆགས་ཡོད། སོ་ཐར་གྱི་མདོ་དེ་ལེགས་སྦྱར་གྱི་སྐད་ནང་ཡོད་པ་དང་པཱ་ལིའི་སྐད་ནང་ཡོད་པ་སྟེ་རྩ་བའི་སྡེ་པ་མི་འདྲ་བ་བཞི་ཡོད། ང་ཚོ་བོད་ནང་ཡོད་པ་དེ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ་རེད། འཕགས་པ་ཀླུ་སྒྲུབ་དང་མཁན་ཆེན་ཞི་འཚོ་ནས་མར་བརྒྱུད་ཡོང་བ་རེད། པཱ་ལིའི་སྐད་ཐོག་ཡོད་པ་དེ་དག་འཕགས་པ་གནས་བརྟན་པའི་སྡེ་པ་རེད། རྒྱ་ནག་གི་ལུགས་ལ་ཆོས་སྲུང་སྡེ་པ་ཡོད་པའི་སྐད་ཆ་འདུག ལེགས་སྦྱར་སྐད་ཐོག་ཡོད་པའི་སོ་སོ་ཐར་པའི་མདོ་དངོས་བསྟན་ཁྲིམས་ ༢༥༣ དང་པཱ་ལིའི་སྐད་ཐོག་ཡོད་པ་དེ་ཉེས་བྱས་ཀྱི་སྡེ་ཚན་ཁོངས་སུ་གཏོགས་པ་གྲངས་ཀ་ཅུང་ཙམ་ཉུང་བ་རེད་མ་གཏོགས་གཅིག་པ་རེད།
རྒྱ་ནག་དང་། བོད། སོག་པོ་ཕྱི་ནང་། ཝེ་ཏི་ནམ། ཀོ་རི་ཡ། ཉི་ཧོང་དེ་དག་ལེགས་སྦྱར་གྱི་ཆོས་བརྒྱུད་ཆགས་ཡོད། སངས་རྒྱས་བཅོམ་ལྡན་འདས་ཀྱིས་བྱ་རྒོད་ཕུང་པོ་རིར་གདུལ་བྱ་དབང་པོ་རྣོན་པོ་ཚོར་དམིགས་ནས་ཤེར་ཕྱིན་གྱི་མདོ་གསུང་བ་རེད། ད་ལྟ་འདིར་རྒྱ་རིགས་གྲོགས་པོ་ཚོ་དང་རྒྱ་གར་གྱི་སློབ་ཕྲུག་ཚོས་ཤེས་རབ་སྙིང་པོ་བཏོན་པ་རེད། རྒྱ་རིགས་ཆོས་གྲོགས་ཚོས་རྒྱ་སྐད་ནང་ཤེས་རབ་སྙིང་པོ་བཏོན་པ་རེད། རྒྱ་ནག་གིས་མཚོན་པའི་ཨེ་ཤི་ཡའི་ཡུལ་གྲུ་མང་པོ་ཞིག་གིས་ལེགས་སྦྱར་གྱི་ཆོས་བརྒྱུད་འཛིན་བསྡད་ཡོད། ཨེ་ཤིའི་ལུང་པ་ཧ་ལམ་ཡོངས་རྫོགས་ལ་སངས་རྒྱས་པའི་ཆོས་དེ་ཁྱབ་ཡོད། དེ་རིང་ཁ་སང་གི་དུས་ཚོད་ལ་ནུབ་ཕྱོགས་པའི་ལུང་པ་ཚོའི་ནང་གཙོ་བོ་ཤེས་ཡོན་པ་དང་ཚན་རིག་པ་ཚོས་ནཱ་ལེནྜའི་ལེགས་སྦྱར་གྱི་ཆོས་བརྒྱུད་སེམས་ཁམས་རིག་པ་དང་། ཚད་མ་རིག་པ། ལྟ་གྲུབ་ཟབ་ཅིང་བརླིང་བ་དེ་དག་ལ་ཆོས་ཕྱོགས་ཀྱི་སྐྱེ་བ་སྔ་ཕྱི་དང་ཐར་པ་དང་ཐམས་ཅད་མཁྱེན་པའི་སྐད་ཆ་མེད་པར་དོ་སྣང་བྱེད་ཀྱི་ཡོད།
སྤྱིར་བཏང་འཛམ་གླིང་ནང་ཆོས་ལུགས་མང་པོ་ཡོད་པ་རེད། མང་ཆེ་བ་འཇིག་རྟེན་བཀོད་པ་པོ་འདོད་མཁན་ཆགས་ཡོད། འཇིག་རྟེན་བཀོད་པ་པོ་འདོད་མཁན་ཚོས་དཀོན་མཆོག་ལ་གསོལ་བ་འདེབས་པ་མ་གཏོགས་རང་རྒྱུད་ཀྱི་བློ་སྦྱང་སྟངས་ཐོག་དོ་སྣང་བྱེད་ཀྱི་མི་འདུག རྒྱ་གར་འཕགས་པའི་ཡུལ་གྱི་ཆོས་ལུགས་ལ་བློ་སྦྱང་སྟངས་གསུང་གི་ཡོད། དེའི་ནང་ཚན་ནས་སངས་རྒྱས་པའི་ཆོས་ནང་བློ་སྦྱང་སྟངས་སྐོར་གསུང་གི་ཡོད།
དེ་རིང་ཁ་སང་སྤྱིར་ཆོས་དད་མེད་མཁན་ཚོས་ནཱ་ལེནྡའི་ཆོས་བརྒྱུད་ཚད་མ་རིག་པ་དང་། ལྟ་གྲུབ་རིག་པ། སེམས་ཁམས་རིག་པ། དཔེར་ན་ཚད་རྡུལ་དངོས་ཁམས་རིག་པའི་རྣམ་གཞག quantum physics ལ་དམིགས་བསལ་དོ་སྣང་ཡོང་གི་འདུག དེར་བརྟེན་སྟོན་པ་བཀའ་དྲིན་ཅན་འདི་བྱུང་ནས་ལོ་ ༢༥༠༠ ལྷག་ཕྱིན་པ་རེད། གང་ལྟར་འཛམ་བུ་གླིང་འདིའི་སྒང་ལ་ཆོས་ལ་ཏོག་ཙམ་ཐེ་ཚོམ་བྱེད་མཁན་དེ་ཚོ་གྲས་ཀྱིས་སངས་རྒྱས་པའི་ཆོས་ལ་དོ་སྣང་བྱེད་ཀྱི་འདུག དུས་རབས་ ༢༠ དང་ ༢༡ ནང་འཛམ་གླིང་གི་ཤར་ནུབ་ནང་ནང་ཆོས་ལ་དོ་སྣོང་ཤུགས་ཆེ་རུ་ཕྱིན་ཡོད། ང་ཚོ་འདིར་འཛོམས་ཡོད་པ་འདི་དག་ཕ་མེས་ནས་སངས་རྒྱས་པའི་ཆོས་ཉམས་ལེན་བྱེད་མཁན་ཆགས་ཡོད། ང་ཚོ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་ལ་ཤེས་ནས་དད་པ་ཐོབ་པ་ཞིག་དགོས་རྒྱུ་གལ་ཆེན་པོ་རེད། ཅེས་དང་།
བཅོམ་ལྡན་འདས་ཀྱིས་ལོ་ ༢༥༠༠ སྔོན་ལ་ངའི་བསྟན་པ་བྱང་ནས་བྱང་དུ་དར་གྱི་རེད་ཅེས་གསུངས་ཡོད་པ་རེད། དེ་བདེན་པ་རེད། རྒྱ་གར་གྱི་བྱང་བོད་དང་། བོད་ཀྱི་བྱང་སོག་པོ་རེད། ངོས་ཀྱི་བསམ་བློར་འདི་འདྲ་ཞིག་འཁོར་བ་རེད། ད་ནི་སངས་རྒྱས་ཀྱི་བསྟན་པ་ལྷོ་ནས་ལྷོ་ལ་དར་བ་ཡོད་པ་ལྟ་བུ་འདུག བོད་ནས་ལྷོ་རྒྱ་གར་དང་ཧི་མཱ་ལ་ཡའི་རི་རྒྱུད་ཁག དེ་དག་གིས་རྐྱེན་བྱས་ཏེ་འཛམ་གླིང་ཡུལ་གྲུ་མང་པོར་ཁྱབ་འགྲོ་བ་ལྟ་བུ་འདུག ཅེས་དང་།
གཞན་ཡང་མགོན་པོ་གང་ཉིད་མཆོག་གིས་གཞན་གཅེས་འཛིན་སྐོར་མུ་མཐུད་བཀའ་སློབ་སྩལ་དོན། བླ་མ་མཆོད་པའི་ནང། རང་ཉིད་གཅེས་འཛིན་རྒུད་པ་ཀུན་གྱི་སྒོ།། མ་རྣམས་གཅེས་འཛིན་ཡོན་ཏན་ཀུན་གྱི་གཞི།། ཞེས་གསུང་བ་དེ་རེད། འཛམ་བུ་གླིང་འདི་སྒང་ལ་སྲོག་ཆགས་དུད་འགྲོ་ཞིག་ཡིན་ནའང་ཞི་བདེ་བྱས་ནས་བསྡད་པ་ཡིན་ན་ཉེ་འཁོར་གྱི་དུད་འགྲོ་ཚང་མ་ལྷོད་ལྷོད་ཡོང་གི་རེད། དུད་འགྲོ་གཅིག་སེམས་འཁྲུགས་ནས་བསྡད་ཡོད་ན། དེའི་ཉེ་འཁོར་གྱི་དུད་འགྲོ་དེ་དག་འདྲོགས་ནས་སྡོད་དགོས། འགྲོ་བ་མིའི་སྤྱི་ཚོགས་ནང་ཡིན་ནའང་ཇི་ཙམ་གཞན་གཅེས་འཛིན་གྱི་བློ་ཡོད་མཁན་ཞིག་ཡིན་ན། དེའི་ཉེ་འཁོར་ལ་ཡོད་པའི་སེམས་ཅན་དུད་འགྲོ་ཚུན་ཆད་བག་ཕེབས་ནས་སྡོད་ཐུབ་ཀྱི་རེད།
ད་ལྟ་དངོས་ཡོད་གནས་ཚུལ་ལ་འཛམ་བུ་གླིང་འདིའི་སྒང་ལ་སྡུག་བསྔལ་མང་པོ་ཞིག་ཡོད། སེམས་ཅན་ཚང་མ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་ཤ་སྟག་རེད། ཡིན་ཡང་འཛམ་བུ་གླིང་གི་སྡུག་བསྔལ་མང་པོ་ཞིག་ང་ཚོ་མིས་བཟོ་ཡི་འདུག སྡུག་བསྔལ་འདོད་ནས་སྡུག་བསྔལ་བཟོས་པ་མ་རེད། རྨོངས་པའི་དབང་གིས་རེད། ཆགས་སྡང་གི་སྐྱོན་ཡོད་པ་དེ་གཉེན་པོ་བསྟེན་སྟངས་མ་ཤེས་པ་རེད། དཀོན་མཆོག་ལ་ཡིད་ཆས་བྱེད་མཁན་ཚོས་ཀྱང་གང་འཚམ་ཞིག་ནས་དཀོན་མཆོག་གིས་བཟོས་པ་རེད་ཅེས་དཀོན་མཆོག་ལ་ཁག་དཀྲི་བྱ་རྒྱུའི་ཉེན་ཁ་འདུག གང་ལྟར་སེམས་དུལ་ན་བདེ་སྐྱིད་དང་སེམས་མ་དུལ་ན་སྡུག་བསྔལ་ཡོང་གི་རེད། མཐོང་ཆོས་སུ་ཡོད་པའི་འཛམ་གླིང་གི་དབུ་ཁྲིད་ཚོ་ཡིན་ནའང་རེད། ཆབ་སྲིད་པ་ཚོ་ཡིན་ནའང་རེད། མི་མང་ཡིན་ནའང་རེད། གང་ལྟར་རང་གཅེས་འཛིན་གྱི་གོང་བུ་བྱས་ནས་སྡོད་ཀྱི་འདུག གཞན་གཅེས་འཛིན་གྱི་འདང་གི་མི་འདུག དངོས་གནས་བྱས་ན་མང་གཙོ་ཟེར་བ་དེ་ཧ་ལས་པའི་ཡག་པོ་རེད། མང་གཙོ་དཔྱིས་ཕྱིན་པ་ཞིག་ཡོང་བར་གཞན་གཅེས་འཛིན་དགོས་པ་རེད། མང་གཙོ་ཁ་ལ་འཁྱེར་ནས་རང་དོན་བསྒྲུབས་པ་ཡིན་ན། དོན་དག་རང་གཅེས་འཛིན་གྱི་གཞན་དབང་དུ་སོང་བ་ཡིན་སྟབས་བདེ་སྐྱིད་ཡོང་གི་མ་རེད།
འཛམ་གླིང་གང་སར་ལྟོས་དང་། དེ་མཐོང་བ་མངོན་གྱུར་རེད་མ་གཏོགས་ཅུང་ཟད་ལྐོག་གྱུར་རེད་མ་རེད། མིའི་དཀའ་ངལ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཀྱིས་སྡུག་བསྔལ་ཉུང་དུ་བཏང་བ་དང་བདེ་བ་མང་དུ་གཏོང་རྒྱུའི་ཚབ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ལ་བརྟེན་ནས་དྲན་རྒྱུ་རྒོད་པོ། བྱེད་རྒྱུ་འབེལ་པོ། དཔལ་འབྱོར་གྱི་ཐོག་ནས་བཤུ་གཞོག་གཏོང་རྒྱུ་དང་། མགོོ་སྐོར་གཏོང་རྒྱུ། དབང་ཡོད་བྱེད་རྒྱུ་སོགས་ཡོང་གི་འདུག
འཛམ་གླིང་བདེ་སྐྱིད་ལྡན་པ་ཞིག་ཡོང་བར་ཕྱི་དངོས་པོ་གཅིག་པུས་འདང་གི་མི་འདུག སེམས་ལ་བྱམས་བརྩེ་དགོས་རྒྱུ་དེ་གལ་ཆེན་པོ་རེད། ཅེས་སོགས་ཀྱི་བཀའ་སློབ་བསྩལ་རྗེས་ལག་ལེན་སོ་བདུན་མའི་བཀའ་ཆོས་དབུ་འཛུགས་མཛད་སོང་།
ཐེངས་འདིའི་ཆོས་འབྲེལ་ཨིན་སྐད་དང་། ཧིན་སྐད། རྒྱ་སྐད། ཀོ་རི་ཡ། སི་པན། ར་ཤི་ཡ། ཝི་ཏི་ནམ། ཨི་ཊ་ལི། པོར་ཇུ་གྷལ། སོག་སྐད་བཅས་ཀྱི་སྐད་ཐོག་གསུང་སྒྱུར་གནང་བཞིན་ཡོད་པ་མ་ཟད། དགའ་ལྡན་ཕོ་བྲང་གིས་ངོ་དེབ་བརྒྱུད་ཐད་གཏོང་གནང་བཞིན་ཡོད་པ་བཅས། །
པར་པ། པ་སངས་དོན་གྲུབ་ལགས།