༢༠༢༠ ཟླ་ ༡ ཚེས་ ༤ རེས་གཟའ་སྤེན་པ།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་སྐལ་བཟང་རྒྱ་མཚོ་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༤ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༤༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་དད་ལྡན་ཆོས་ཞུ་བ་ ༣༠༠༠༠ ལྷག་ལ་འཇམ་དབྱངས་ཆོས་སྐོར་ལས་འཇམ་དཔལ་ནང་སྒྲུབ་རྗེས་གནང་དང་། སྒྲོལ་དཀར་རྗེས་གནང་སྩལ་ཡོད། དེ་ཡང་ཐོག་མར་མགོན་པོ་མཆོག་གིས་བཀའ་སློབ་སྩལ་དོན།
དེ་རིང་ནས་གནངས་ཉིན་བར་བཅས་ཉིན་གསུམ་རིང་ན་ནིང་ལོར་འགོ་བཙུགས་པའི་འཇམ་དབྱངས་ཆོས་སྐོར་དེའི་འཕྲོ་སྐྱོང་བྱ་རྒྱུ་ཡིན། འཇམ་དབྱངས་ཆོས་སྐོར་བླ་མ་དབུ་མ་པ་དཔའ་བོ་རྡོ་རྗེ་ནས་མར་བརྒྱུད་ནས་ཡོང་བ་རེད། ཁོང་ཆུང་ཆུང་སྐབས་ནས་ལུག་རྫི་བྱས་ནས་བཞུགས་སྐབས་འཇམ་དཔལ་དབྱངས་ཀྱི་སྐུ་ནག་པོ་ཞིག་མདུན་ན་བཞུགས་པ་མཇལ།
དེ་ནས་བཟུང་ནམ་སྟོད་ལ་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་ཞལ་མཇལ་བསྡད་ཀྱི་ཡོད། བླ་མ་དབུ་མ་པ་དཔའ་བོ་རྡོ་རྗེ་ནས་བཟུང་མར་འཇམ་དབྱངས་ཆོས་སྐོར་དེ་དག་བྱུང་བ་རེད། ངོས་ཀྱིས་སྟག་བྲག་རིན་པོ་ཆེའི་སྐུ་མདུན་ནས་ཞུས་པ་ཡིན། རྗེ་བཙུན་འཇམ་དཔལ་དབྱངས་ཞུ་བ་ནི།
གཞོན་ནུའི་སྐུ་ལུས་འཆང་བ་པོ། །ཡེ་ཤེས་སྒྲོན་མེས་རབ་ཏུ་བརྒྱན། །འཇིག་རྟེན་གསུམ་གྱི་མུན་སེལ་བ། །འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ།
ཞེས་འཇིག་རྟེན་གསུམ་གྱི་མུན་པ་སེལ་ཞེས་པ་ཕྱིའི་མུན་པ་སེལ་བའི་དོན་མ་རེད། ནང་གི་མ་རིག་པ་དང་དེས་བཞག་པའི་བག་ཆགས་ཤེས་སྒྲིབ་བྱས་ནས་དེ་ལྟ་བུའི་ཉོན་མོངས་ཅན་དང་ཉོན་མོངས་ཅན་མ་ཡིན་པའི་མི་ཤེས་པའི་མུན་པའི་ཚོགས་ཚང་མ་སེལ་བར་བྱེད་མཁན་ཞིག་ལ་གོ་དགོས། འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱི་ཆོས་བརྒྱུད་ཚོ་དད་པ་གཅིག་པུའི་ཐོག་ནས་ཕྱིན་པ་ཡིན་ན་འགྲིག་པ་རེད། འཇིག་རྟེན་བཀོད་པ་པོ་མི་འདོད་མཁན་གྱི་ཆོས་བརྒྱུད་ཁ་སང་ཞུས་པ་ནང་བཞིན་རེད། གང་ལྟར་སོ་སོས་བསམ་བློ་བཏང་། ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཐོག་ནས་མིའི་ཀླད་པས་བསམ་བློ་བཏང་ནས་སེམས་རྒྱུད་འདུལ་ཐབས་བྱེད་ཀྱི་ཡོད། རིག་པས་དཔྱད་པ་བྱེད་རྒྱུ་དེ་གལ་ཆེན་པོ་ཡིན་སྟབས་ཤེས་རབ་ཧ་ཅང་གལ་ཆེན་པོ་རེད། ཤེས་རབ་ཆེ་བ། ཤེས་རབ་གསལ་བ། ཤེས་རབ་མྱུར་བ། ཤེས་རབ་ཟབ་པ་བཅས་ཡོད་པ་དང་། ང་ཚོ་འདིར་རྩོད་པ་རྩོད་མཁན་ཚོས་རྩོད་པ་ཡག་པོ་བྱས་ནས་ཕྱིན་ན་ལུང་ཙམ་ལ་བརྟེན་པ་མ་ཡིན་པར་ཤེས་རབ་ཆེ་བ་དང་། ཤེས་རབ་གསལ་བ། ཤེས་རབ་མྱུར་བ། ཤེས་རབ་ཟབ་པ་བཅས་ཀྱི་སྒང་ལ་སླེབ་ཀྱི་འདུག
དེར་བརྟེན་ནང་གི་མུན་པ་སེལ་བར་ཡག་ཤོས་དེ་གཞུན་ཆེན་ལ་སློབ་གཉེར་བརྒྱབ་ན་ཤེས་རབ་ཆེ་བ་དང་། ཤེས་རབ་གསལ་བ། ཤེས་རབ་མྱུར་བ། ཤེས་རབ་ཟབ་པ་བཅས་ཚང་མ་དེ་ནས་ཡོང་གི་འདུག དེ་རིང་འདིར་གྲྭ་ས་ཁག་ནས་ཕེབས་པའི་དཔེ་ཆ་བ་མང་པོ་ཡོད་པ་རེད། ང་ཚོ་བོད་གངས་ཅན་གྱི་ལྗོངས་ལ་བཀའ་དྲིན་ཅན་གྱི་མཁན་སློབ་ཆོས་གསུམ་ནང་ནས་གཙོ་བོ་མཁན་ཆེན་ཞི་བ་འཚོས། ང་ཚོར་ལམ་སྟོན་གནང་བ་བཞིན་ཚད་མ་རིག་པའི་ཐོག་ནས་འགྲོ་རྒྱུ་དེ་རིང་ཁ་སང་འཛམ་གླིང་ནང་དུ་ནང་པ་མང་པོ་ཡོད། འོན་ཀྱང་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཀྱིས་དཔྱད་པ་བྱས་ནས་འགྲོ་མཁན་དེ་ཕལ་ཆེར་བོད་པ་གཅིག་པུ་མ་གཏོགས་མེད།
སྔ་མོ་ཡིན་ན་སོག་པོའི་ནང་དུ་གཞུང་ཆེན་ཁག་ལ་སློབ་གཉེར་རྒྱ་ཆེན་པོ་ཡོད། བར་སྐབས་སོག་པོའི་ནང་ཉམས་པ་རེད། ད་ཆ་བོད་གཅིག་པུ་རེད། རང་ཉིད་ཀྱི་བློའི་མུན་པ་སེལ་བར་གཞུང་ཆེན་སྦྱངས་པ་དང་རྟགས་གསལ་བཏང་ནས་སྦྱང་རྒྱུ་རེད། བསྟན་པ་འཛིན་སྐྱོང་སྤེལ་གསུམ་ཟེར་བ་དེ་འཆད་རྩོད་རྩོམ་གསུམ་གྱི་ཐོག་ནས་ཡོང་དགོས། འཆད་པ་དང་རྩོམ་པའི་ཤེས་རབ་ཡག་པོ་ཡོད་ནའང་དཔྱད་པ་བྱས་པའི་སྐབས་ཧ་ཅང་བཤད་རྒྱུ་མེད་པ་ལྟ་བུ་ཡོང་གི་ཡོད་སྟབས། འཆད་པ་དང་རྩོམ་པའི་ཤེས་རབ་གལ་ཆེན་པོ་ཡིན་ཡང་རྩོད་པའི་ཤེས་རབ་དེ་ཧ་ཅང་གལ་ཆེན་པོ་ཆགས་ཡོད།
ཅེས་དང་། གཞན་ཡང་མགོན་པོ་གང་ཉིད་མཆོག་གིས་མུ་མཐུད་བཀའ་སློབ་སྩལ་དོན། ངོས་ཀྱིས་དབང་ལུང་རྗེས་གནང་སྐབས་སུ་དྲ་རྒྱའི་ནང་ཡུལ་ལུང་མང་པོར་འགྲོ་བཞིན་ཡོད། དེ་རིང་ཡང་ཡུལ་ལུང་འདྲ་མིན་དུ་དྲ་རྒྱའི་ཐོག་ནས་དོ་སྣང་གིས་ཉན་སྡོད་མཁན་ཡོད། བླ་མའི་ངོས་ནས་མཐའ་གཅིག་ཏུ་ཕན་པའི་ཕན་སེམས་ཀྱི་འདུན་པའི་ཤུགས་དང་། ཁྱོད་རང་ཚོ་ཕྱོགས་དང་མཚམས་སུ་འཁོད་མཁན་གྱི་མི་རིགས་འདྲ་མིན་གྱི་དད་ལྡན་ཚོས་ཀྱང་འདུན་པ་རྩེ་གཅིག་པའི་ཐོག་ཉན་པ་ཡིན་ན། བཅོམ་ལྡན་འདས་རང་ཉིད་ཞལ་བཞུགས་པའི་སྐབས་སུ་འཕྲིན་གྱི་སྒོ་ནས་བསྙེན་པར་རྫོགས་ཟེར་བ་ཞིག་གནང་གི་ཡོད། དགག་བྱ་ཡོད་ནས་བསྙེན་རྫོགས་སྒྲུབ་སར་ཡོང་མ་ཐུབ་པ་ཚོར་འཕྲིན་གྱི་སྒོ་ནས་བསྙེན་རྫོགས་སྒྲུབ་པ་ཡོང་གི་ཡོད་པ་རེད། དེ་དུས་ཁ་པར་ཡོད་པ་མ་རེད། དུས་ཡུན་གང་འཚམ་འགོར་གྱི་ཡོད་ཀྱི་ཡོད། དེང་སང་གློག་འཕྲིན་གྱི་ཐོག་ནས་ས་ཆ་ཉེ་འགྱང་མེད་པ་ལྟ་བུ་ཆགས་ཡོད་སྟབས་ཁྱོད་རང་ཚོ་ཕྱོགས་དང་མཚམས་སུ་འཁོད་མཁན་དད་པ་ཅན་ཚང་མར་དབང་དང་རྗེས་གནང་འདི་དག་ཐོབ་ཀྱི་རེད། ཅེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་སྒྲུབ་ཞག་དབུ་འཛུགས་ཀྱིས་འཇམ་དབྱངས་ཆོས་སྐོར་ལས་འཇམ་དཔལ་ནང་སྒྲུབ་རྗེས་གནང་དང་། སྒྲོལ་དཀར་རྗེས་གནང་དབུ་འཛུགས་མཛད་ཡོད་པ་བཅས། །