ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༢༠ རེས་གཟའ་ཟླ་བ།
༄༅། །ཨིན་ཡུལ་སྐུ་ཚབ་དོན་གཅོད་བསོད་ནམས་ཚེ་རིང་ཕར་སི་ལགས་ཀྱིས་སུ་ཝི་ཌེན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུའི་ཐོག སུ་ཝི་ཌན་གཞུང་ནས་བོད་དོན་ཐོག་རྒྱབ་སྐྱོར་ཆེ་ཙམ་གནང་དགོས་པའི་འབོད་སྐུལ་ཞུས་གནང་འདུག
དེ་ཡང་ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༡༦ རེས་གཟའ་ཕུར་བུའི་ཉིན་དོན་གཅོད་ཁོང་སུ་ཝི་ཌན་གྱི་རྒྱལ་ས་སི་ཊོག་ཁོམ་ Stockholm ནང་གཞུང་འབྲེལ་ཕྱོགས་ཕེབས་ཀྱིས་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུའི་ཐོག་ལྷན་ཞུགས་གནང་ནས་བོད་ནང་རྒྱ་ནག་གཞུང་གིས་སོ་ལྟའི་པར་ཆས་གང་སར་བཙུགས་ཏེ་བོད་མི་རྣམས་ཀྱི་འགྲོ་འདུག་སྤྱོད་གསུམ་ཐོག་དམ་བསྒྲགས་ཇེ་ཤུགས་ཆེ་རུ་གཏོང་བཞིན་ཡོད་སྐོར་དང་།ལྷག་པར་ཆབ་སྲིད་ཀྱི་དགོས་མཁོ་ཁོ་ནར་བསམས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐོག་ཐེ་བྱུས་བྱེད་བཞིན་པ་རྣམས་གསལ་འདོན་གནང་བ་དང་སྦྲགས། སེམས་འཚབ་ཀྱི་རྣམ་པ་ཤུགས་ཆེ་བསྟན་འདུག
ཕྱོགས་མཚུངས་སུ་ཝི་ཌན་གྲོས་ཚོགས་འཐུས་མི་རྣམ་པས་སྲིད་གཞུང་ལ་རྒྱ་ནག་དང་ལྷན་འབྲེལ་བ་གནང་སྐབས། བོད་དོན་གླེང་སློང་ངེས་པར་གནང་དགོས་པའི་འབོད་སྐུལ་གནང་རོགས་ཞེས་གསུང་འདུག
སྐབས་དེར་གྲོས་ཚོགས་འཐུས་མི་ལྕམ་སྐུ་ Margareta Cederfelt མཆོག་གིས་གཙོས་གྲོས་ཚོགས་འཐུས་མི་ Charlotte Quensel མཆོག་དང་། Andreas Lennkvist མཆོག Hanna Gunnarsson མཆོག དེ་བཞིན་སུ་ཝི་ཌན་བོད་ཀྱི་ཚོགས་པ་དང་བོད་རིགས་མཐུན་ཚོགས་ཀྱི་ཚོགས་མི་བཅས་ཀྱང་ཕེབས་ཡོད་འདུག
ཐེངས་འདིར་སྐུ་ཚབ་དོན་གཅོད་ཀྱིས་སུ་ཝི་ཌན་གནས་སྡོད་བོད་མི་ཚོ་དང་ཐུག་འཕྲད་གནང་བ་མ་ཟད། ཐའི་པེ་གཞུང་ཚབ་ཁང་གི་སྐུ་ཚབ་དང་མཇལ་འཕྲད་གནང་འདུག་པ་བཅས། །