ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༨ རེས་གཟའ་ལྷག་པ།
༄༅། །འཁོན་རིགས་བསྟན་པའི་མངའ་བདག་དཔལ་ས་སྐྱ་ཁྲི་འཛིན་ ༤༢ པ་རཏྣ་བཛྲ་རིན་པོ་ཆེའམ་ངག་དབང་ཀུན་དགའ་བློ་གྲོས་དབང་ཕྱུག་རིན་ཆེན་འཇིགས་མེད་འཕྲིན་ལས་རིན་པོ་ཆེ་མཆོག་ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༧ རེས་གཟའ་མིག་དམར་ཉིན་རྒྱ་གར་ཀ་སྦུག་ས་དགོན་བརྩེ་ཆེན་འཕྲིན་ལས་དར་རྒྱས་གླིང་དུ་ཕེབས་འབྱོར་སྐབས་ཀ་སྦུག་ས་གནས་འགོ་འཛིན་བསྟན་འཛིན་ཟླ་སྒྲོན་ལགས་ཀྱིས་གཙོས་ས་སྐྱ་དགོན་པའི་འགན་འཛིན་དང་གྲྭ་པ་རྣམ་པ། དད་ལྡན་སེར་སྐྱ་མི་མང་ཁག་གཅིག གཞན་ཡང་ས་འཐུས་དང་ས་གནས་མི་མང་བཅས་ནས་ཕེབས་བསུའི་སྣེ་ལེན་ཞུས་འདུག
དེ་ཡང་ཐེངས་འདིར་མཛད་རིམ་ལྟར་ན། ཕྱི་ཚེས་ ༡༡ ཉིན་གྱི་ཕྱེད་ཡོལ་ ༢ ཐོག་སྐྱབས་མགོན་གོང་མ་ཁྲི་འཛིན་མཆོག་གིས་ས་གནས་མ་ཎི་ལྷ་ཁང་དུ་ཀ་སྦུག་མི་མང་ཡོངས་ལ་བཀའ་བསྒོ་དང་ནང་ཆོས་ངོ་སྤྲོད་བཀའ་དྲིན་སྩལ་རྒྱུ་དང་། དེ་རྗེས་ས་གནས་རྒས་གསོ་ཁང་དང་སྨན་རྩིས་ཁང་བཅས་ལ་གཟིགས་སྐོར་ཕེབས་གནང་རྒྱུ།
ཕྱི་ཚེས་ ༡༢ རེས་གཟའ་ཉི་མའི་ཉིན་ས་སྐྱ་ཁྲི་འཛིན་མཆོག་ནས་ཀ་སྦུག་མི་མང་ཡོངས་ལ་འཆི་མེད་ཚེ་དབང་ཟབ་མོ་དང་ཞེན་པ་བཞི་བྲལ་གྱི་གདམས་ངག་སྩལ་རྒྱུ་ཡིན་འདུག་པ་བཅས། །