ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༢༧ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༢༣ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག་དང་ལྷན་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བོད་མིའི་སློབ་གྲྭ་ཁག་གི་མདུན་ལམ་སློབ་སྟོན་པ་འཇམ་དབྱངས་དབང་རྒྱལ་ལགས་རྒྱ་གར་ལྷོ་ཕྱོགས་ཧུ་བྷི་ལི་མེ་འཁོར་འབབ་ཚུགས་སུ་ཕེབས་འབྱོར་སྐབས་མོན་གྷོ་འདོད་རྒུ་གླིང་ས་གནས་འགོ་འཛིན་ལྷག་པ་ཚེ་རིང་ལགས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད་པ་མ་ཟད། བཀའ་བློན་མཆོག་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་སུ་ཕེབས་འབྱོར་སྐབས་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་དང་། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ། ས་གནས་འགོ་འཛིན་ལས་ཁུངས། ས་གནས་གཞིས་ཆགས་ཁག ས་གནས་མཉམ་འབྲེལ་ལས་ཁུངས། དགོན་པ་ཁག བོད་ཀྱི་གཞོན་ནུ་ཚོགས་པ། བོད་ཀྱི་བུད་མེད་ཚོགས་པ། བོད་མིའི་དམག་ཟུར་ཚོགས་པ། སློབ་གྲྭ་ཁག་གི་སྐུ་ཚབ་སོགས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཙམ་ལ་བཀའ་བློན་མཆོག་སམ་བྷོ་ཊའི་ཡན་ལག་སློབ་གྲྭ་དང་སམ་བྷོ་ཊ་སློབ་གྲྭ་བཅས་ཀྱི་ནང་འཚམས་གཟིགས་ཀྱིས་སློབ་ཕྲུག་ཚོ་དང་མཉམ་གླེང་མོལ་གནང་ཡོད་པ་མ་ཟད། སློབ་གྲྭའི་མཐུན་རྐྱེན་སོགས་ལ་རྟོག་ཞིབ་གནང་ཡོད། བཀའ་བློན་མཆོག་གིས་སློབ་གྲྭའི་དགེ་ལས་སློབ་ཕྲུག་ཡོངས་ལ་གསུང་བཤད་གནང་སྐབས་གཙོ་བོ་བཀའ་དྲིན་བསམ་ཤེས་དང་། བོད་ཀྱི་སྐད་ཡིག་གི་གལ་གནད། སློབ་ཕྲུག་ཚོའི་ངོས་ནས་དེབ་སྣ་ཚོགས་བཀླག་དགོས་པ་མ་ཟད། སོ་སོའི་མི་ཚེའི་ནང་དཔེ་དེབ་བཀླག་རྒྱུའི་གོམས་གཤིས་རྒྱུད་ལ་འཇགས་དགོས་པ་སོགས་ཀྱི་སྐོར་གསུངས། ཉིན་རྒྱབ་བཀའ་བློན་མཆོག་དགའ་ལྡན་བྱང་རྩེ་དང་ཤར་རྩེ། རྙིང་མ་དགོན་པ། དགའ་ལྡན་ཤར་རྩེ་སློབ་གྲྭ ས་གནས་འཐུས་ཚོགས་ཁང་། ས་གནས་འགོ་འཛིན་ལས་ཁུངས། མོན་གྷོ་འདོད་རྒུ་གླིང་མཉམ་འབྲེལ་ཁང་སོགས་ཀྱི་ནང་འཚམས་གཟིགས་སུ་ཕེབས་ཡོད་པ་མ་ཟད། སམ་བྷོ་ཊ་སློབ་གྲྭའི་སློབ་སྤྱི་དང་ས་གནས་འགོ་འཛིན་སོགས་ལ་ཐུག་འཕྲད་གནང་ཡོད།
ཕྱི་ཚེས་ ༢༤ ཉིན་གྱི་སྡ་དྲོ་བཀའ་བློན་མཆོག་འབྲས་སྤུངས་སློབ་གྲྭ་དང་ས་སྐྱ་སློབ་གྲྭ་བཅས་ལ་ཕེབས་ཏེ་དགེ་རྒན་དང་སློབ་ཕྲུག་རྣམས་ལ་ཐུག་འཕྲད་གནང་བ་མ་ཟད། སྒོ་མང་སློབ་གྲྭའི་དགེ་རྒན་རྣམས་ལ་སློབ་ཁྲིད་རིག་པའི་སྐོར་གསུང་བཤད་གནང་ཡོད། གཞན་ཡང་བཀའ་བློན་མཆོག་བཀའ་བརྒྱུད་དགོན་པ་དང་། སམ་བྷོ་ཊ་སྔོན་འགྲོའི་སློབ་གྲྭ ར་སྟོད་དགོན་པ། ས་སྐྱ་དགོན་པ། འབྲས་སྤུངས་བློ་གསལ་གླིང་། འབྲས་སྤུངས་བློ་གསལ་གླིང་སྒོམ་སྒྲུབ་དང་ཚན་རིག་ལྟེ་གནས་ཁང་སོགས་ལ་འཚམས་གཟིགས་སུ་ཕེབས་ཡོད།
ཕྱི་ཚེས་ ༢༥ ཉིན་ཤེས་རིག་བཀའ་བློན་མཆོག་གིས་མོན་གྷོ་འདོད་རྒུ་གླིང་སྤྱི་ཁང་ནང་མི་མང་གྲངས་ ༥༠༠ ལྷག་ལ་གསུང་བཤད་གནང་ཡོད་པ་དང་། སྐབས་དེར་བཀའ་བློན་མཆོག་གིས་མི་རབས་རྒན་པ་ཚོས་སོ་སོའི་ཕྲུ་གུའི་ཤེས་ཡོན་གྱི་ཆེད་དུ་སྐུ་ལས་ཧ་ཅང་བསྐྱོན་ཡོད་པའི་སྐོར་དང་། བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ནས་སློབ་ཡོན་དང་སློབ་སྦྱོང་གི་མཐུན་རྐྱེན་གནང་དང་གནང་བཞིན་པ་ཁག་ལ་མང་ཚོགས་ནས་ཀྱང་དོ་སྣང་བྱེད་དགོས་པ་སོགས་ཀྱི་སྐོར་གསུངས་རྗེས་མང་ཚོགས་ཀྱི་དྲི་བ་ཁག་ལ་ལན་འདེབས་ཁ་གསལ་གནང་ཡོད།
སྔ་དྲོ་ཆུ་ཚོད་༡༡།༤༥ ཙམ་ལ་བཀའ་བློན་མཆོག་གིས་སམ་བྷོ་ཊ་སློབ་གྲྭའི་དགེ་རྒན་དང་ལས་བྱེད་གྲངས་ ༧༦ ཙམ་ལ་གསུང་བཤད་གནང་སྐབས་གསུང་དོན། དགེ་རྒན་ཚོའི་ངོས་ནས་སློབ་ཕྲུག་རྣམས་ལ་སློབ་ཁྲིད་གནང་སྐབས་སྒོ་གསུམ་གྱི་སྤྱོད་པ་ཡ་རབས་དང་ལྡན་པའི་ཐོག་ནས་སློབ་ཁྲིད་གནང་རྒྱུ་གལ་ཆེན་པོ་ཡིན་པ་མ་ཟད། སློབ་ཕྲུག་ཚོར་མིག་དཔེ་བཟང་པོ་བསྟན་རྒྱུ་ཧ་ཅང་གལ་ཆེན་ཡིན་སྐོར་གསུངས། དགེ་རྒན་ཚོས་དགེ་རྒན་ནང་ཁུལ་དབར་ཤེས་ཡོན་དང་སློབ་ཁྲིད་ཀྱི་ཉམས་མྱོང་སྤེལ་རེས་གནང་ནས་ཕན་ཚུན་གཉིས་ཀའི་ཆེད་ལས་ཀྱི་ཤེས་བྱ་གོང་མཐོར་གཏོང་དགོས་པ་སོགས་ཀྱི་སྐོར་གསུངས་རྗེས་དྲི་བ་ཁག་ལ་ལན་འདེབས་གནང་། དེ་རྗེས་བཀའ་བློན་མཆོག་བཙུན་དགོན་བྱང་ཆུབ་ཆོས་གླིང་དང་མོན་གྷོ་འདོད་རྒུ་གླིང་རྒས་གསོ་ཁང་བཅས་ལ་འཚམས་གཟིགས་སུ་ཕེབས་ཡོད་པ་བཅས།།