ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༢༤ རེས་གཟའ་པ་སངས།
༄༅།། རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་Karnataka མངའ་སྡེའི་ཁྱབ་ཁོངས་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ཚུད་པའི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་སློབ་གྲྭ་ཁག་གི་ནང་ཀར་ན་ཊ་ཀའི་སྐད་ཡིག་ངེས་པར་དུ་བསླབ་དགོས་པའི་མངའ་སྡེ་གཞུང་ནས་བཀོད་ཁྱབ་གནང་འདུག
དེ་ཡང་ཟླ་བ་འདིའི་འགོ་སྟོད་དུ་ཀར་ན་ཊ་ཀ་མངའ་སྡེའི་ཤེས་རིག་བློན་ཆེན་སྐུ་ཞབས་སུ་རེ་ཤི་ཀུ་མར་Suresh Kumar ལགས་ཀྱིས་མངའ་སྡེའི་ཁྱབ་ཁོངས་སློབ་གྲྭ་ཁག་གི་སྐུ་ཚབ་༡༥༠ ཙམ་ལ་ཆེད་མངགས་ཐུག་འཕྲད་གནང་སྟེ་ཀར་ན་ཊ་ཀའི་སྐད་ཡིག་སློབ་ཁྲིད་ཀྱི་སྒྲིག་གཞི་ངེས་པར་དུ་ལག་བསྟར་གནང་དགོས་པའི་བཀའ་མངགས་གནང་ཡོད་པ་རེད། ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༢༢ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག་གིས་གཙོས་ལྷོ་སྤྱི་ཆོས་འཕེལ་ཐུབ་བསྟན་ལགས། ཤེས་རིག་ཤེས་ཡོན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས།
རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བོད་མིའི་སློབ་གྲྭ་ཁག་གི་མདུན་ལམ་སློབ་སྟོན་པ་འཇམ་དབྱངས་དབང་རྒྱལ་ལགས་བཅས་གྲོང་ཁྱེར་སྦེང་ལོར་དུ་ཀར་ན་ཊ་ཀ་མདའ་སྡེ་གཞུང་གི་ཤེས་རིག་བློན་ཆེན་སྐུ་ཞབས་སུ་རེ་ཤི་ཀུ་མར་ལགས་དང་མཇལ་འཕྲད་ཀྱིས་ཀར་ན་ཊ་ཀའི་སྐད་ཡིག་བོད་མིའི་སློབ་གྲྭ་ཁག་གི་ནང་སློབ་ཁྲིད་གནང་ན་དཀའ་ངལ་ཡོད་པའི་སྐོར་ཞུ་སྐབས་ཀར་ན་ཊ་ཀ་མངའ་སྡེའི་ཤེས་རིག་བློན་ཆེན་མཆོག་གིས་བོད་མིའི་སློབ་གྲྭ་ཁག་གི་ནང་ཀར་ན་ཊ་ཀའི་སྐད་ཡིག་སློབ་ཁྲིད་གནང་ན་དཀའ་ངལ་ཡོད་པ་དེ་སེལ་དགོས་པའི་ཐབས་ལམ་ཇི་ཡོད་གཟིགས་རྒྱུ་ཡིན་སྐོར་གསུངས་འདུག གཞན་ཡང་ཤེས་རིག་བཀའ་བློན་མཆོག་མོན་གྷོ་འདོད་རྒུ་གླིང་དང་ཀོ་ལེ་གྷལ་དོན་ལྡན་གླིང་བོད་མིའི་གཞིས་ཆགས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་ཡོད་པ་བཅས།།