༢༠༢༠ ཟླ་ ༡ ཚེས་ ༢༩ རེས་གཟའ་ལྷག་པ།
༄༅། །འདི་གར་བཀའ་དྲུང་ཡིག་ཚང་ནས་བཏང་འབྱོར་བྱུང་བའི་ནང་གསལ།
ལས་བྱེད་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞི་དོན་ཚན་ ༡༩།༡ དགོངས་དོན། ཕྱི་རྒྱལ་ཁག་ཏུ་སྐུ་ཚབ་དོན་གཅོད་རྣམས་སྲིད་སྐྱོང་དང་བཀའ་བློན་ཚང་འཛོམས་ཞིབ་གྲོས་དྲག་འདེམས་ཀྱིས་བཀའ་ཤག་ནས་བསྐོ་འཛུགས་གནང་བར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་ཀྱི་མཚན་གནས་སྩལ་རྒྱུ། ཞེས་གསལ་བ་ལྟར་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་ཀརྨ་སེངྒེ་ལགས་ཨོ་སི་ཀྲོ་ལི་ཡའི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་སྩལ་སོང་བས། ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༡ ནས་ལས་ཁུར་འགོ་འཛུགས་བྱ་དགོས་ཕེབས་སོང་བས་གསལ་བསྒྲགས་སུ།
དེ་ཡང་དྲུང་ཆེ་ཀརྨ་སེངྒེ་ལགས་ནི་ཕ་ལྷུན་གྲུབ་ཡེ་ཤེས་དང་། མ་ཚེ་རིང་སྒྲོལ་དཀར་གཉིས་ཀྱི་རིགས་ཀྱི་མྱུ་གུར་ལ་དྭགས་བསོད་ནམས་གླིང་གཞིས་ཆགས་སུ་ ༡༩༧༠ ཟླ་ ༡ ཚེས་ ༢༥ ཉིན་སྐྱེས་ཤིང་། ཕྱི་ལོ་ ༡༩༩༣ ལོར་པན་ཇམ་གཙུག་ལག་སློབ་གྲྭའི་Govt.College, Punjab University ཉེ་བའི་གཙུག་ལག་རབ་འབྱམས་པ་ B.A ཐོན་རྗེས་ཕྱི་ལོ་ ༡༩༩༥ ཟླ་ ༩ ཚེས་ ༢༡ ཉིན་ལ་དྭགས་བསོད་ནསམ་གླིང་གཞིས་ཆགས་ཀྱི་མཉམ་འབྲེལ་ལས་ཁུངས་སུ་དྲུང་ལས་གནས་རིམ་ཐོག་བསྐོ་གཞག་གནང་འདུག དེ་ནས་ཕྱི་ལོ་ ༡༩༩༦ ཟླ་ ༤ ཚེས་ ༡༩ ཉིན་ལ་དྭགས་བྱང་ཐང་མཉམ་དྲུང་དུ་བསྐོ་གཞག་གནང་འདུག ཕྱི་ལོ་ ༡༩༩༨ ཟླ་ ༥ ཚེས་ ༡ ཉིན་སྤོན་ཊ་ཆོལ་གསུམ་ས་གནས་འགོ་འཛིན་དུ་བསྐོ་གཞག་གནང་ཞིང་། ༡༩༩༩ ཟླ་ ༢ ཚེས་ ༢ ཉིན་དྲུང་གཞིན་གནས་རིམ་དུ་གནས་སྤར། ཕྱི་ལོ་ ༡༩༩༩ ཟླ་ ༡༡ ཚེས་ ༢ ཉིན་ལ་དྭགས་ལས་ཁུངས་སུ་གནས་སྤོས། ཕྱི་ལོ་ ༢༠༠༢ ཟླ་ ༤ ཚེས་ ༤ ཉིན་མེའོ་ས་འགོ་ལས་ཁུངས་སུ་གནས་སྤོས། ཕྱི་ལོ་ ༢༠༠༤ ཟླ་ ༡ ཚེས་ ༢ ཉིན་འཆར་འགོད་ལྷན་ཁང་དུ་གནས་སྤོས། ཕྱི་ལོ་༢༠༠༤ ཟླ་ ༦ ཚེས་ ༡ ཉིན་སྦིར་བོད་ཚོགས་སུ་གནས་སྤོས། ཕྱི་ལོ་ ༢༠༠༤ ཟླ་ ༡༢ ཚེས་ ༡༦ ཉིན་ཀུ་ལུ་ས་གནས་འགོ་འཛིན་དུ་གནས་སྤོས། ཕྱི་ལོ་ ༢༠༠༥ ཟླ་ ༢ ཚེས་ ༡༨ ཉིན་ཟུང་དྲུང་གནས་རིམ་དུ་གནས་སྤར། ཕྱི་ལོ་ ༢༠༠༥ ཟླ་ ༥ ཚེས་ ༢༤ ཉིན་ཀུ་ལུ་ས་གནས་འགོ་འཛིན་རང་འཇགས། ཕྱི་ལོ་ ༢༠༠༩ ཟླ་ ༡ ཚེས་ ༢ ཉིན་ཀོ་ལི་གྷལ་ས་འགོ་དུ་གནས་སྤོས། ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༡༣ ཉིན་དྲུང་ཆེ་ལས་འཕར་དུ་གནས་སྤར། ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༡༦ ཉིན་སྦེང་ལོར་ལྷོ་སྤྱི་ལས་ཁུངས་སུ་ལྷོ་སྤྱི་གནས་སྤོས། ཕྱི་ལོ་ ༢༠༡༧ ཟླ་ ༧ ཚེས་ ༡ ཉིན་ཤེས་རིག་ལས་ཁུངས་སུ་གནས་སྤོས། ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༡༨ ཉིན་ཤེས་རིག་དྲུང་ཆེར་གནས་སྤར། ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༡༨ ཉིན་ཤེས་རིག་དྲུང་ཆེར་ལས་འགན་བཀོད་སྒྲིག་གནང་ནས་ད་བར་དྲུང་ཆེ་གནང་མུས་ཡིན་པ་བཅས།།