ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༣༠ རེས་གཟའ་ཕུར་བུ།
༄༅། །བོད་ཀྱི་བརྙན་འཕྲིན་ཚན་པའི་གསར་འགོད་པ་བསྟན་འཛིན་འཆི་མེད་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། རྒྱ་གར་གནས་མཆོག་རྡོ་རྗེ་གདན་དུ་རྒྱལ་ཡོངས་སྔ་འགྱུར་རྙིང་མ་དང་། འགྲོ་དོན་བཀའ་བརྒྱུད་པ་གཉིས་ཀྱི་སྨོན་ལམ་ཆེན་མོ་འཚོགས་བཞིན་ཡོད་པ་ལྟར། ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༢༩ རེས་གཟའ་ལྷག་པའི་ཉིན་རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་ནས་འགོ་བཙུགས་ཏེ་འཛམ་གླིང་ནང་ཁྱབ་བརྡལ་དུ་འགྲོ་བཞིན་པའི་ཏོག་དབྱིབས་ཅན་གྱི་གློ་ནད་ནད་ཡམས་ཕོག་མཁན་ཚོ་དང་། དེ་བཞིན་ནད་ཡམས་དེ་མགྱོགས་མྱུར་དུ་ཞི་བའི་ཆེད་དུ་གཟུངས་སྔགས་ཕྱོགས་བསྒྲིགས་ཀྱིས་སྨོན་ལམ་གསུང་འདོན་གནང་གི་འདུག
སྐབས་དེར་༧དཔལ་རྒྱལ་དབང་ཀརྨ་པ་མཆོག་ནས་བཀའ་བརྒྱུད་སྨོན་ལམ་གྱི་སྔོན་འགྲོའི་གསུང་ཆོས་ཀྱི་གསོལ་ཇའི་བར་གསེང་སྐབས་དྲ་རྒྱའི་བརྒྱུད། ཆོས་ཞུ་བ་ཡོངས་ལ་གྲུབ་ཐོབ་ཐང་སྟོང་རྒྱལ་པོའི་རྡོ་རྗེའི་གསུང་ནད་ཀྱི་འཇིགས་པ་ཞི་བའི་གསོལ་འདེབས་ས་སྐྱ་ནད་གྲོལ་མའི་ལྗགས་ལུང་སྩལ་བ་དང་། ཆོས་ཞུ་བ་ཡོངས་ནས་གསུང་ཆོས་བར་གསེང་སྐབས་འབད་སྒྲུབ་གནང་ནས་ཐུགས་སྨོན་གནང་དགོས་པ་ཕེབས་འདུག་བཅས།།