ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༢༢ རེས་གཟའ་ལྷག་པ།
༄༅། །རྒྱ་ནག་དང་འབར་མ་གཉིས་ཀྱིས་གཉིས་མོས་གྲོས་ཆོད་ཀྱི་བསྒྲགས་གཏམ་སྤེལ་ནས་བོད་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་བཏང་བར་དྲིལ་བསྒྲགས་དྲུང་ཆེ་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་སྐྱོན་བརྗོད་ཤུགས་ཆེ་གནང་འདུག
དེ་ཡང་ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༡༨ ཉིན་རྒྱ་ནག་དང་འབར་མ་ཡུལ་གཉིས་ཀྱིས་གཉིས་མོས་གྲོས་ཆོད་བཞག་པ་དང་། དོན་ཚན་སོ་གསུམ་ཅན་གྱི་གྲོས་ཆོད་དེའི་ནང་བོད་དང་ཤར་ཏུར་ཀི་སི་ཐན། ཐེ་ཝན་བཅས་རྒྱ་ནག་དང་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཡིན་པ་གསལ་འདུག གྲོས་ཆོད་དེ་ནི་རྒྱ་ནག་གིས་རྒྱུད་གཅིག་ལམ་གཅིག་ཟེར་བའི་ཚོང་འབྲེལ་རྒྱ་སྐྱེད་ཀྱི་ལས་གཞིའི་ཁོངས་ཡིན་ཞིང་། རྒྱ་ནག་གིས་འབར་མའི་བརྟན་ལྷིང་དང་འཛུགས་སྐྲུན་ལས་གཞིར་རྒྱབ་སྐྱོར་བྱ་རྒྱུའི་ཁས་ལེན་བྱས་པ་དང་། ཕྱོགས་མཚུངས་འབར་མས་ཀྱང་རྒྱ་ནག་གཞུང་གིས་འཛིན་པའི་རྒྱ་ནག་གཅིག་གི་སྲིད་བྱུས་ཟེར་བར་རྒྱབ་སྐྱོར་གྱིས་བོད་དང་ཤར་ཏུར་ཀི་སི་ཐན། ཐེ་ཝན་བཅས་རྒྱ་ནག་དང་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཡིན་པ་ཁས་ལེན་བྱས་ཡོད། གཉིས་མོས་ཀྱི་བསྒྲགས་གཏམ་དེ་བཞིན་འབར་མའི་ཕྱི་སྲིད་ལས་ཁུངས་ཀྱི་དྲ་རྒྱའི་ཐོག་བཀོད་འདུག
དེ་ཡང་དྲིལ་བསྒྲགས་དྲུང་ཆེ་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་ཐེངས་འདིར་བོད་ཀྱི་ལོ་རྒྱུས་ལ་འཁྱོག་བཤད་བྱས་ནས་རྒྱ་ནག་གཞུང་གིས། བོད་དེ་བཞིན་གནའ་སྔ་མོ་ནས་རྒྱ་ནག་དང་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་ཚུལ་ཨུ་ཚུགས་མཐའ་སྐྱེལ་བྱས་པ་དེར་བདེན་པ་ཏིལ་འབྲུ་ཙམ་ཡང་མེད་ཅིང་། ད་ལྟའི་ཆར་བོད་མིའི་སྒྲིག་འཛུགས་ཀྱིས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་འོག རྒྱ་ནག་དང་ཁ་བྲལ་གྱི་རང་བཙན་མ་རྩོད་པར་གྲོས་མོལ་གྱི་ལམ་ནས་བོད་ཀྱི་གནད་དོན་གསལ་ཐབས་བྱེད་བཞིན་ཡོད། ཅེས་གསུངས།
ཐེ་ཝན་ཕྱི་སྲིད་ལས་ཁུངས་ནས་ཀྱང་བསྒྲགས་གཏམ་དེའི་ནང་བཤད་པ་དེ་དག་བདེན་པ་རྩ་བ་ནས་མིན་པ་དང་། ཐེ་ཝན་ནི་རྒྱ་ནག་གི་ཆ་ཤས་མིན་ཞིང་། མི་མང་གིས་འོས་འདེམས་བྱས་པའི་ཐེེ་ཝན་སྲིད་གཞུང་ཁོ་ནས་ཐེ་ཝན་མཚོན་ཐུབ་པ་ལས་རྒྱ་ནག་གིས་ཐེ་ཝན་ནམ་ཡང་མཚོན་མི་ཐུབ། ཅེས་སྐྱོན་བརྗོད་ཤུགས་ཆེ་བྱས་འདུག
སྔ་ལོའི་ཕྱི་ཟླ་ ༡༠ ནང་རྒྱ་ནག་གཞུང་གིས་བལ་ཡུལ་གཞུང་ལ། རྒྱ་ནག་གཅིག་གི་སྲིད་བྱུས་ལ་ངོས་འཛིན་རྒྱབ་སྐྱོར་དགོས་པའི་ཆ་རྐྱེན་འོག འབར་མའི་འཛུགས་སྐྲུན་ལས་གཞིའི་ཆེད་ཨ་སྒོར་ས་ཡ་ ༤༩༢ སྤྲོད་རྒྱུའི་ཁས་ལེན་བྱས་པ་མ་ཟད། དངུལ་དེ་ལྟར་ཐོབ་པར་འབར་མའི་གཞུང་གིས་བོད་ཀྱི་གནད་དོན་དེ་རྒྱ་ནག་རྒྱལ་ནང་གི་གནད་དོན་ཞིག་ལ་ངོས་འཛིན་བྱེད་དགོས་པ་དང་། ཐེ་ཝན་དེ་བཞིན་རྒྱ་ནག་དང་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པར་ངོས་འཛིན་བྱེད་དགོས་པ་རེད། གོང་གི་གྲོས་ཆོད་བཞག་པའི་གནས་ཚུལ་དེ་དཔལ་འབྱོར་དུས་བབ་ཅེས་པའི་ནང་ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༡༣ ཉིན་བཏོན་འདུག་པ་བཅས། །