ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༣༠ རེས་གཟའ་ཕུར་བུ།
༄༅། །བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པས། ཕྱི་ལོ་ ༢༠༡༩ ཟླ་ ༡ ཚེས་ ༢༩ ཉིན་རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༩ ལོར་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་བརྡལ་བཤིག་ཚབས་ཆེ་བཏང་གནས་ལྔ་ཕྱོགས་སྒྲིག་གནང་བའི་བརྙན་འཕྲིན་གསར་པ་ཞིག་འདོན་སྤེལ་གནང་འདུག
དེ་ཡང་བརྙན་འཕྲིན་དེའི་ནང་། དེ་ཡང་སྐར་མ་དྲུག་ཅན་གྱི་བརྙན་འཕྲིན་དེའི་ནང་དུ། ཕྱི་ལོ་ ༢༠༡༩ ལོར་རྒྱ་ནག་གཞུང་གིས་བོད་ནང་དུ་མུ་མཐུད་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་ཚབས་ཆེ་བཏང་རྐྱེན་བོད་མིས་
༡ ) རང་སྲེག་ལས་འགུལ་སྤེལ་ནས་རྒྱ་ནག་གཞུང་གི་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལ་ཞི་བའི་རྔམ་སྟོན་གནང་བའི་སྐོར་དང་།
༢ ) རྒྱ་ནག་གཞུང་གིས་བོད་མི་གང་བྱུང་འཛིན་བཟུང་བཀག་ཉར་དང་སྡུག་སྦྱོང་མནར་གཅོད་བཏང་བ་མ་ཟད། བཙོན་འཇུག་གི་ཁྲིམས་ཐག་བཅད་པ།
༣ ) རྒྱ་ནག་གཞུང་གིས་བོད་མིའི་སྨྲ་བརྗོད་རང་དབང་འཕྲོག་པ།
༤ ) རྒྱ་ནག་གཞུང་གིས་བོད་མིའི་ཆོས་དད་རང་དབང་ལ་བརྩི་མེད་རྡོག་རོལ་བཏང་བ།
༥ ) རྒྱ་ནག་གཞུང་གིས་བོད་མིའི་ཐོག་མི་རིགས་དབྱེ་འབྱེད་ཀྱི་སྲིད་བྱུས་འདྲ་མིན་ལག་བསྟར་བྱས་པ། བཅས་གནད་དོན་ལྔ་པོ་གཙོ་འདོན་གནང་བའི་སྐོར་གྱི་བརྙན་འཕྲིན་ཡིན་འདུག
ཕྱི་ལོ་ ༢༠༠༩ ནས་ཕྱི་ལོ་ ༢༠༡༩ ལོ་མཇུག་ཙམ་བར་བོད་ནང་དུ་བོད་མི་ ༡༥༤ རང་ལུས་མེར་སྲེག་བཏང་ནས་རྒྱ་ནག་གཞུང་གིས་བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག ཁོར་ཡུག་དང་བཅས་པ་ནག་སུབ་གཏོང་རྒྱུའི་སྲིད་བྱུས་ལ་རང་ལུས་མེར་སྲེག་བཏང་ནས་ཞི་རྒོལ་རྔམ་སྟོན་གནང་ཡོད། རྒྱ་ནག་གཞུང་གིས་མུ་མཐུད་ཉེས་མེད་བོད་མི་རྣམས་ལ་གང་བྱུང་འཛིན་བཟུང་བྱས་པ་དང་། ཁྲིམ་ལུགས་དང་རྩ་བ་ནས་འགལ་བའི་བྱ་རིམ་བརྒྱུད་བཙོན་འཇུག་ཁྲིམས་ཐག་བཅད་པ། སྡུག་སྦྱོང་མནར་གཅོད་ཚད་མེད་བཏང་བ་སོགས་མུ་མཐུད་བྱེད་བཞིན་ཡོད། ཕྱི་ལོ་ ༢༠༡༩ ལོར་བོད་མི་ལས་འགུལ་བ་དང་སྤྱི་མི། སློབ་ཕྲུག་སོགས་ཉུང་མཐར་མཐར་མི་གྲངས་ ༡༦ ལ་བཙོན་འཇུག་ཁྲིམས་ཆད་རིང་ཐུང་སྣ་ཚོགས་བཀལ་ཡོད།
ཕྱི་ལོ་ ༢༠༡༩ ལོར་རྒྱ་ནག་གཞུང་གིས་བོད་མིའི་སྨྲ་བརྗོད་དང་བསམ་ཚུལ་འདོན་རྒྱུའི་རང་དབང་ལ་མཐའ་གཅིག་ཏུ་དམ་བསྒྲགས་བཀག་སྡོམ་བྱས་པ་མ་ཟད། ལྷག་པར་རིག་གསར་འཕྲུལ་ཆས་བཀོལ་སྤྱོད་འོག་ཉིན་མཚན་ཁོར་མོ་ཡུག་ཏུ་བོད་མིའི་འགྲོ་འདུག་སྤྱོད་གསུམ་ཐོག་སོ་ལྟ་བྱས་ཡོད། བོད་མིའི་གཞུང་འབྲེལ་མིན་པའི་སྒྲིག་འཛུགས་ཁག་སྒོ་རྒྱག་བཅུག་པ་དང་། དྲ་རྒྱའི་ལམ་ནས་ངོས་ཤེས་གླེང་མོལ་བྱ་རྒྱུའི་རང་དབང་ཙམ་ཡང་མ་སྤྲད་པར་ཚོད་འཛིན་བྱས་ཡོད། ལྷག་པར་སྤྱི་ཚོགས་དྲ་རྒྱའི་ཐོག་བོད་མི་ཁག་གཅིག་གིས་བསམ་ཚུལ་བཤད་པ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་དཔར་བརྒྱུད་སྤེལ་བྱས་པ་ཙམ་ལ་ཁག་དཀྲི་བསྙོན་འཛུགས་ཀྱིས་བོད་མི་མང་པོ་ཞིག་འཛིན་བཟུང་བྱས་ཡོད།
བོད་མིའི་ཆོས་དད་རང་དབང་ལ་མཚོན་ན་རྒྱ་ནག་གཞུང་གིས་ལོ་དེའི་ནང་བོད་ཀྱི་དགོན་སྡེ་ཁག་གི་དགེ་འདུན་པ་ཚོའི་ཆོས་ཕྱོགས་ཀྱི་བྱེད་སྒོར་ཐེ་བྱུས་བྱས་པ་དང་། མཐའ་ན་བོད་མི་སྐྱ་བོ་ཚུན་ཆད་ཀྱི་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་བསྒྲགས་སུན་གཙེར་བཟོས་ཡོད། དེ་ཡང་ཕྱི་ལོ་ ༢༠༡༩ ཟླ་ ༥ ནས་ ༤ བར་རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་སློབ་གཉེར་ཁང་ཆེ་ཤོས་གཉིས་པར་གྲགས་པ་ཡ་ཆེན་སྒར་གྱི་ཆོས་སྒར་ནས་དགེ་བཙུན་ཞལ་གྲངས་ ༣༦༠༠ དགོན་པ་ནས་བཙན་དབང་ཐོག་ནས་ཕྱིར་འབུད་བྱས་ཡོད། དགོན་པ་ནས་ཕྱིར་འབུད་བཏང་རྗེས་དགེ་བཙུན་དེ་དག་ལ་རྒྱ་ནག་གཞུང་གིས་དོ་དམ་བཀག་ཉར་འོག་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོའི་ལས་འགུལ་ཟེར་བ་སྤེལ་ནས་ལུས་སེམས་གཉིས་ཀར་དཀའ་སྡུག་ཧ་ཅང་མྱངས་ཡོད།
བོད་ཀྱི་སློབ་གྲྭའི་ནང་བོད་སྐད་སློབ་ཁྲིད་བྱ་རྒྱུར་དམ་བསྒྲགས་བྱས་པ་དང་བོད་མི་ཚོར་ལས་ཀའི་གོ་སྐབས་ཀྱི་ཐོབ་ཐང་འདྲ་མཉམ་མ་སྤྲད་པའི་གནས་སྟངས། ཁྲིམས་ཁང་ནང་དུའང་བོད་མི་ཚོར་ཁྲིམས་ཀྱི་བརྒྱུད་རིམ་ཚད་ལྡན་ཞིག་གི་འོག་ནས་དྲང་བདེན་གྱི་ཁྲིམས་གཏུགས་བྱེད་ས་མེད། གནད་དོན་དེ་དག་ལ་གཞིགས་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྐྱོན་བརྗོད་ཇི་ཙམ་བྱས་ཀྱང་རྒྱ་ནག་གཞུང་གིས་བོད་མིའི་ཐོག་དམ་བསྒྲགས་ཅན་གྱི་སྲིད་བྱུས་མུ་མཐུད་ལག་བསྟར་བྱེད་བཞིན་ཡོད།
དེ་ཡང་ཕྱི་འབྲེལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ཀྱིས་གསུང་དོན། བོད་ནང་དུ་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་རྒྱ་ནག་གཞུང་གིས་མུ་མཐུད་བརྩི་མེད་རྡོག་རོལ་གཏོང་བཞིན་པ་མ་ཟད། གནས་སྟངས་ལོ་རེ་བཞིན་ཛ་དྲག་ཏུ་འགྲོ་བཞིན་ཡོད། རྒྱ་ནག་གཞུང་གིས་བོད་མི་རིགས་རིག་གཞུང་དང་བཅས་པར་རྩ་མེད་ནག་སུབ་ཏུ་གཏོང་རྒྱུ་ཉེན་སེམས་ཁོག་བཅུག་གིས་ཐབས་བརྒྱ་ཇུས་སྟོང་གི་ལམ་ནས་ལས་འགུལ་སྣ་མང་སྤེལ་བཞིན་ཡོད། དེར་བརྟེན་ད་ཆ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་དང་ཤར་ཏུར་ཀི་སི་ཐན། ལྷོ་སོག ཧོང་ཀོང་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གཏོང་བཞིན་པར་སྐྱོན་བརྗོད་ཤུགས་ཆེ་གནང་དགོས་པའི་དུས་ལ་བབ་འདུག ཅེས་གསུངས།
ཕྱོགས་མཚུངས་ཕྱི་དྲིལ་འགྲོ་བ་མིའི་ཐོབ་ཐང་ཚན་པའི་འབྲེལ་ཡོད་ལས་བྱེད་བསྟན་འཛིན་ཟླ་སྒྲོན་ལགས་ཀྱིས་གསུང་དོན། རྒྱ་ནག་དམར་པོའི་སྲིད་གཞུང་ལ་མཚོན་ན་འགྲོ་བ་མིའི་ཐོབ་ཐང་ལོངས་སུ་སྤྱད་པ་དེས་གུང་ཁྲན་རིང་ལུགས་ཀྱི་དབང་ཆ་གཅིག་བསྡུས་ལམ་ལུགས་སྲ་བརྟན་རྒྱུན་སྐྱོང་བྱེད་བཞིན་པ་དེར་ཉེན་ཚབས་ཧ་ཅང་ཆེན་པོ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད། དེར་བརྟེན་གཅིག་བསྡུས་དབང་ཆ་སྲ་བརྟན་ཐུབ་སླད་དམ་བསྒྲགས་ཅན་གྱི་སྲིད་བྱུས་ཁོ་ནར་བརྟེན་པ་རེད། ད་ཆ་རང་དབང་ལུང་པའི་སྲིད་གཞུང་ཁག་གིས་མཉམ་རུབ་ཐོག་ནུས་པ་གཅིག་ལ་བསྒྲིལ་ཏེ། རྒྱ་ནག་གཞུང་གི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་ལ་སྐྱོན་བརྗོད་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་ཞུ་དགོས་པའི་གནོན་ཤུགས་ངེས་པར་སྤྲོད་དགོས་པའི་དུས་ལ་བབ་འདུག ཅེས་གསུངས། །