༢༠༢༠ ཟླ་ ༡ ཚེས་ ༢༣ རེས་གཟའ་ཕུར་བུ།
༄༅། །ཉེ་ཆར་ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་མི་གསར་འདེམས་བྱུང་རྗེས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ Tibet Interest Group ཚོགས་མི་རྣམས་ལྷན་ཚོགས་གནང་བ་དང་། ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་མི་ལྕམ་སྐུ་སི་ཀོ་ཊི་ཀ་ཊོ་Ms Molly Scott-Cato མཆོག་གིས་གཙོ་སྐྱོང་འོག་ཡོ་རབ་གྲོས་ཚོགས་འཐུས་མི་བདུན་དང་ལས་རོགས་ལས་བྱེད་དགུ། སྦར་སེལ་སྐུ་ཚབ་དོན་གཅོད་དང་ལས་བྱེད། དེ་བཞིན་ཡོ་རོབ་ཁུལ་གྱི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་མི་བཅས་ཚོགས་འདུར་ཕེབས་འདུག སྤྱིར་ལྕམ་སྐུ་སི་ཀོ་ཊི་ཀ་ཊོ་Ms Molly Scott-Cato མཆོག་དེ་སྔོན་ཚོགས་པའི་ཚོགས་གཞོན་ཡིན་ཞིང་། ཚོགས་འདུའི་སྐབས་ཁོང་གིས་འདས་པའི་ཟླ་ཤས་རིང་ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་མི་གསར་རྙིང་བརྗེ་བསྒྱུར་གྱི་ལས་དོན་དེ་དག་གྲ་འགྲིག་པོ་བྱུང་ཚུལ་དང་། ཚོགས་མི་གསར་པ་ཚོས་མུ་མཐུད་བོད་དོན་རྒྱབ་སྐྱོར་སྤེལ་ཐུབ་པར་ཡིད་ཆེས་ཡོད་སྐོར་སོགས་གསུངས།
ལྕམ་སྐུ་སི་ཀོ་ཊི་ཀ་ཊོ་Ms Molly Scott-Cato མཆོག་གི་ལས་ཁུངས་བརྒྱུད་ནས་སྦར་སེལ་དོན་ཁང་གིས་ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་མི་གསར་པ་ཚོ་དང་འབྲེལ་བ་ཞུ་ཐུབ་ཀྱི་ཡོད་པ་དང་། ད་ཆ་ཟླ་བ་འདིའི་མཇུག་ཙམ་ལ་ཨིན་ཡུལ་དེ་བཞིན་ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་མིའི་ཁོངས་ནས་ཕྱིར་འཐེན་བྱ་རྒྱུ་ཡིན་སྟབས། ལྕམ་སྐུ་མཆོག་ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་མིའི་ཁོངས་ནས་རང་བཞིན་གྱིས་དགོངས་པ་ཞུ་དགོས་པ་རེད། དེར་བརྟེན་ལྕམ་སྐུ་མཆོག་ནས་ཁོང་གི་ཚབ་ཏུ་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་ཡོ་རོབ་གྲོས་ཚོགས་འཐུས་མི་སྐུ་ཞབས་མེ་ཀུ་ལ་སི་པེག་ས་Mikulas Peksa མཆོག་བསྐོ་གཞག་གནང་རྒྱུའི་བསམ་ཚུལ་བཏོན་པར་སྦར་སེལ་སྐུ་ཚབ་དོན་གཅོད་ཀྱིས་རྒྱབ་སྐྱོར་ཞུས་པ་དང་སྦྲགས། སྐུ་ཞབས་མེ་ཀུ་ལ་སི་པེག་ས་Mikulas Peksa མཆོག་གི་ངོ་སྤྲོད་སྙིང་བསྡུས་ཤིག་སྒྲོགས་སྦྱང་གནང་བསྟུན་སྤྱི་མོས་ཐོག་ནས་ཚོགས་གཙོ་གསར་པར་བདམས་ཐོན་བྱུང་འདུག
བདམས་ཐོན་བྱུང་རྗེས་སྐུ་ཞབས་མེ་ཀུ་ལ་སི་པེག་ས་Mikulas Peksa མཆོག་གིས་ཚོགས་པའི་ངོས་ནས་བོད་དོན་ལས་འགུལ་སྤེལ་དགོས་པའི་གནད་དོན་ཁག་གཅིག་ངོ་སྤྲོད་གནང་བ་དང་། སྐབས་དེར་ཁོང་གིས་བསམ་ཚུལ་ཁག་གཅིག་བཏོན་པའི་ནང་དུ་། ཚོགས་མི་རྣམས་བཞུགས་སྒར་རྡ་རམ་ས་ལར་གཟིགས་སྐོར་ཕེབས་གལ་ཆེ་བ་དང་། བོད་དོན་དང་འབྲེལ་བའི་གློག་བརྙན་དང་འགྲེམས་སྟོན་གོ་སྒྲིག་གནང་དགོས་པ། ཚོགས་མི་རྣམས་ཡང་སེ་འཛོམས་ནས་གོ་བསྡུར་སྦྱང་བཤད་གནང་དགོས་པ་སོགས་བསམ་ཚུལ་བཏོན་གནང་བ་མ་ཟད། ཚོགས་མི་རྒྱ་སྐྱེད་གཏང་རྒྱུ་ཡིན་སྐོར་གསུང་སྐབས་སྦར་སེལ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་དོན་ཁང་ངོས་ནས་ལས་དོན་དེ་དག་རྒྱུན་སྐྱོང་སླད་འབད་བརྩོན་ཡོད་དགུ་རྩལ་སྤྲུག་གནང་རྒྱུ་ཡིན་སྐོར་གསུངས།
དེ་རྗེས་དོན་ཁང་ངོས་ནས་ཚོགས་གཙོ་གསར་རྙིང་གཉིས་ལ་འཚམ་འདྲིའི་མཇལ་དར་ཕུལ་བ་དང་སྦྲགས་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ཚོགས་གཙོ་གསར་པའི་ལས་ཡུན་རིང་ལས་དོན་མཐའ་དག་བྱ་བ་ལམ་ལྷོངས་ཡོང་བའི་སྨོན་འདུན་ཡང་ཞུས་འདུག
སྐབས་དེར་ཚོགས་མི་ལྕམ་སྐུ་ཌེ་སུ་ཏར་De Sutter མཆོག་གིས་འདས་པའི་ལོ་ངོ་ ༢༠ རིང་ནས་བོད་དོན་ལས་འགུལ་ནང་ཆ་ཤས་བླངས་མྱོང་ཡོད་པ་མ་ཟད། འབྱུང་འགྱུར་བོད་དོན་ཐོག་རྒྱབ་སྐྱོར་མུ་མཐུད་གནང་རྒྱུར་ཆོད་སེམས་བརྟན་པོ་ཡོད་སྐོར་དང་། བཞུགས་སྒར་དུ་ཐེངས་ལྔ་ཙམ་ཕེབས་མྱོང་ཡོད་སྟབས་ཐེངས་འདིར་ཚོགས་མི་རྣམས་ལ་རྡ་སར་ཕེབས་དགོས་གལ་གྱི་བསམ་ཚུལ་བཏོན་སྐོར་གསུངས། ཕྱོགས་མཚུངས་གྲོས་ཚོགས་འཐུས་མི་ལྕམ་སྐུ་སན་ཊོ་སི་Santos མཆོག་གིས་ཚོགས་གཙོ་གསར་པར་འཚམས་འདྲི་གནང་བ་སྦྲགས། ཚོགས་པའི་འབྱུང་འགྱུར་བོད་དོན་ལས་འགུལ་སྤེལ་ཕྱོགས་ཐད་བསམ་ཚུལ་ཁག་གཅིག་ཡོད་པ་དེ་དག་ཞུ་འདོད་ཡོད་པ་དང་། ཚོགས་གཙོའི་བོད་དོན་ལས་འགུལ་སྤེལ་སྐབས་རྒྱབ་སྐྱོར་གང་ཐུབ་ཞུ་རྒྱུ་ཡིན་སྐོར་གསུངས། གཞན་ཡང་གྲོས་ཚོགས་འཐུས་མི་སྐུ་ཞབས་ཧོར་ཝུ་ཌི་Horwoodམཆོག་ནས་ཚོགས་ཟུར་ལྕམ་སྐུ་སི་ཀོ་ཊི་ཀ་ཊོ་Ms Molly Scott-Cato མཆོག་གི་ལས་དོན་ལ་བསྔགས་བརྗོད་རྒྱ་ཆེ་གནང་བ་མ་ཟད། ཚོགས་ཟུར་མཆོག་གི་མ་འོངས་ལས་དོན་མཐའ་དག་ལམ་ལྷོངས་ཡོང་བའི་སྨོན་འདུན་ཡང་ཞུས་འདུག
སྐབས་དེར་གྲོས་ཚོགས་འཐུས་མི་སྐུ་ཞབས་ཧེ་ཌི་Heideམཆོག་གིས། ལོ་ངོ་ ༢༠ གོང་རྒྱལ་སྤྱིའི་སྡིངས་ཆའི་སྟེང་བོད་ཀྱི་གནད་དོན་ལ་དོ་སྣང་ཧ་ཅང་བྱས་ཡོད་ཀྱང་བར་ལམ་ནས་བོད་དོན་ལ་སྔར་བཞིན་མང་ཚོགས་ཁྲོད་དོ་སྣང་མེད་པའི་རྣམ་པ་ཞིག་ཡོད་སྟབས། ལས་འགུལ་མང་ཙམ་སྤེལ་ནས་མང་ཚོགས་ཁྲོད་སྔར་བཞིན་བོད་དོན་ལ་དོ་སྣང་དང་སེམས་འགུལ་སླེབ་ཐུབ་པ་ཞིག་བཟོ་གལ་ཆེ་སྐོར་གསུངས།
གྲོས་ཚོགས་འཐུས་མི་རྣམས་ཀྱིས་གསུང་བཤད་གྲུབ་བསྟུན་ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་མི་རྣམས་ཀྱི་ལས་ཁུངས་ནང་ཕྱག་ལས་གནང་མཁན་བོད་དོན་རྒྱབ་སྐྱོར་བ་ལྕམ་སྐུ་ཨེ་ལི་ན་མོར་ཧུ་ནོ་ཝ་ Ms Elina Morhunova ལགས་ཀྱིས་གྲོས་ཚོགས་འཐུས་མི་སྐུ་ཞབས་Austrevicius མཆོག་གི་ཚབ་ཞུས་ནས་བོད་དོན་ལ་རྒྱབ་སྐྱོར་གནང་བ་མ་ཟད། ཚོགས་གཙོ་གསར་པའི་ལས་དོན་ཐོག་ལའང་འཚམ་འདྲི་ཞུས་འདུག
ཡོ་རོབ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་མི་སྐུ་ཞབས་མི་ཊན་Mr Mettenལགས་ཀྱིས་ཚོགས་གཙོ་ཟུར་པ་མཆོག་གིས་དབར་བོད་དོན་ལས་འགུལ་སྤེལ་བར་ཡི་རངས་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ཚོགས་གཙོ་གསར་པའི་ལས་དོན་ལམ་ལྷོངས་ཡོང་བའི་སྨོན་འདུན་ཡང་ཞུས་འདུག
མཐར་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་ཡོ་རོབ་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་ཐུབ་པར་རྟེན་འབྲེལ་མཚོན་ཕྱིར་ཚོགས་མི་ངོ་བཅར་ཡོངས་ལ་མཇལ་དར་རེ་ཕུལ་ནས་ཚོགས་འདུ་ལེགས་པར་མཇུག་སྒྲིལ་གནང་འདུག དོན་ཁང་ནས་ཨིན་ཡུལ་གྲོས་ཚོགས་འཐུས་མི་ལྕམ་སྐུ་སི་ཀོ་ཊི་ཀ་ཊོ་Ms Molly Scott-Cato མཆོག་དང་། སྐུ་ཞབས་ཧོར་ཝུ་ཌི་Horwoodམཆོག་འདི་ཟླའི་ཟླ་མཇུག་ཙམ་ནས་ཨིན་ཡུལ་ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་མིའི་ཁོངས་ནས་ཕྱིར་འཐེན་གནང་བར་བརྟེན་རང་བཞིན་གྱིས་ཕེབས་དགོས་སྟབས་ཕེབས་སྐྱེལ་གསོལ་སྟོན་ཞིག་གོ་སྒྲིག་གནང་འདུག་པ་བཅས།།