༢༠༢༠ ཟླ་ ༡ ཚེས་ ༤ རེས་གཟའ་སྤེན་པ།
༄༅། །ར་བང་ལ་ཀུན་ཕན་གླིང་ས་གནས་འགོ་འཛིན་རྡོ་རྗེ་ཚེ་རིང་ལགས་ཀྱིས་སྦས་ཡུལ་འབྲས་མོ་ལྗོངས་ཀྱི་ལོ་གསར་ཉིན་དང་བསྟུན། འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པི་ཨེ་སི་གོ་ལེ་Shri P S Golay མཆོག་མཇལ་འཕྲད་ཞུས་ནས་ས་གནས་བོད་མི་སྐྱབས་བཅོལ་བ་ཚོར་ཆུ་དང་གློག དེ་བཞིན་གཞུང་ལམ་སོགས་ཀྱི་དཀའ་ངལ་འཕྲད་བཞིན་པར་མངའ་གཞུང་ནས་གང་མགྱོགས་མཐུན་འགྱུར་རོགས་རམ་གནང་དགོས་པའི་འབོད་སྐུལ་གསོལ་འདེབས་ཞུས་པར་བློན་ཆེན་མཆོག་ནས་ཀྱང་དེ་ལྟར་ཞལ་བཞེས་བཟང་པོ་གནང་འདུག
དེ་ཡང་ར་ལང་ས་གནས་སུ་ལོ་གསར་གྱི་མཛད་སྒོ་ཞིག་དང་སྟབས་བསྟུན། ས་གནས་འགོ་འཛིན་རྡོ་རྗེ་ཚེ་རིང་ལགས་ཀྱིས་བློན་ཆེན་མཆོག་དང་མཇལ་ནས་ཁོང་དེ་སྔ་བཞུགས་སྒར་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་བཅར་ཞུས་པའི་སྐུ་པར་ལྷན་སྒྲོན་གྱི་པར་སྒྲོམ་ཞིག་ཕྱག་ཏུ་ཕུལ་བར་བློན་ཆེན་མཆོག་ཧ་ཅང་མཉེས་པོ་འབྱུང་འདུག
ས་གནས་འགོ་འཛིན་ནས་སྐབས་དེར་བློན་ཆེན་མཆོག་ལ་ར་བང་ལ་ས་གནས་བོད་མི་སྐྱབས་བཅོལ་བ་ཚོར་དཀའ་ངལ་ཇི་ལྟར་འཕྲད་བཞིན་པ་ཙམ་མ་ཟད། དཀའ་ངལ་དེ་དག་སེལ་རྒྱུའི་ལས་འཆར་ཁག་ཀྱང་བློན་ཆེན་མཆོག་ལ་ཕུལ་བར་ བློན་ཆེན་མཆོག་ནས་ལས་འཆར་ལ་ཐུགས་ཞིབ་ཀྱིས་བོད་མིའི་དཀའ་སེལ་སླད་རོགས་རམ་གང་ཐུབ་གནང་རྒྱུའི་ཞལ་བཞེས་བཟང་པོ་ཐོབ་ཡོད་འདུག
དེ་ཡང་སྦས་ཡུལ་འབྲས་མོ་ལྗོངས་ཀྱི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༦ ཉིན་བཞུགས་སྒར་དུ་ཕེབས་སྐབས་བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་གསོལ་སྟོན་བཤམས་པ་དང་། ཕྱི་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་བཅར་ཞུས་ཡོད་པ་བཅས།།