ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༢༤ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༢༠ ནས་ཚེས་ ༢༤ བར་ཉིན་གྲངས་ལྔའི་རིང་རྒྱ་གར་རྒྱལ་ས་ལྡི་ལིར་རྒྱ་གར་འཛིན་སྐྱོང་སྦྱོང་བརྡར་བསྟི་གནས་ཁང་ Indian Institute of Public Administration-IIPA དུ་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་དང་རྒྱ་གར་འཛིན་སྐྱོང་སྦྱོང་བརྡར་ཁང་ཟུང་འབྲེལ་གྱི་གོ་སྒྲིག་འོག འཕྲོད་བསྟེན་ཁྱབ་ཁོངས་སྨན་ཁང་འགན་འཛིན་རྣམས་ལ་འཛིན་སྐྱོང་ཟབ་སྦྱོང་དང་བསྐྱར་ཞིབ་ཚོགས་འདུ་ཞིག་བསྐོང་ཚོགས་གནང་འདུག
གོང་ཚེས་ཉིན་དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་དང་། སྦྱོང་བརྡར་བསྟི་གནས་ཁང་གི་འགན་འཛིན་སྐུ་ཞབས་ S.N. Tripathi ལགས། Roma Mitra Debnath ལགས། Pawan K Taneja ལགས། འཕྲོད་བསྟེན་དྲུང་གཞོན་བསྟན་འཛིན་ཀུན་བཟང་ལགས། འཕྲོད་བསྟེན་ OSM ཞེས་པའི་ལས་འཆར་འབྲེལ་མཐུད་པ་ཚེ་རིང་ལགས། དེ་བཞིན་འཕྲོད་བསྟེན་ཁྱབ་ཁོངས་སྨན་ཁང་བཅུ་གཉིས་ཀྱི་འགན་འཛིན་དང་ལས་དྲུང་བཅས་ཚང་འཛོམས་ཀྱིས་ཐོག་མར་ཚེ་རིང་ལགས་ཀྱིས་ཟབ་སྦྱོང་ཚུགས་དགོས་པའི་དམིགས་ཡུལ་སོགས་ངོ་སྤྲོད་གནང་།
དེ་ནས་སྐུ་མགྲོན་གཙོ་བོ་འཕྲོད་བསྟེན་བཀའ་བློན་མཆོག་གིས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཟབ་སྦྱོང་དེ་བརྒྱུད། འཕྲོད་བསྟེན་ཁྱབ་ཁོངས་སྨན་ཁང་ཁག་གི་ལས་བྱེད་རྣམས་ནས་སྨན་ཁང་གི་འཛིན་སྐྱོང་ལས་དོན་དང་མང་ཚོགས་ཀྱི་འཕྲོད་བསྟེན་ཐོག་ཞབས་ཞུ་སྔར་ལྷག་ཚགས་ཚུད་ལྡན་པ་ཞིག་བསྒྲུབ་ཐུབ་རྒྱུའི་རེ་བ་ཡོད་སྐོར་དང་། རང་རེའི་སྤྱི་ཚོགས་ཀྱི་འཕྲོད་བསྟེན་གནས་བབ་ཇི་ལྟར་ཡར་རྒྱས་གཏོང་དགོས་སྐོར་སོགས་གསུངས།
དེ་ཡང་ཟབ་སྦྱོང་གི་དམིགས་ཡུལ་ནི། དེང་དུས་དང་མཐུན་པའི་སྨན་ཁང་གི་འཛིན་སྐྱོང་ལས་དོན་གྱི་གོ་རྟོགས་སྤེལ་རྒྱུ་ཡིན་འདུག དེར་བརྟེན་ཟབ་སྦྱོང་སྐབས་སྨན་ཁང་གི་འཛིན་སྐྱོང་ལས་དོན་སྟངས་འཛིན་བྱེད་ཕྱོགས་དང་། མང་ཚོགས་ཀྱི་འཕྲོད་བསྟེན། གཞན་ཡང་དེང་དུས་འཕྲོད་བསྟེན་འཛིན་སྐྱོང་ལམ་ལུགས་སོགས་ཀྱི་སྐོར་ལ་ཟབ་ཁྲིད་གནང་བ་ཞིག་ཡིན་ཞིང་། ཟབ་སྦྱོང་མཐུན་འགྱུར་གནང་མཁན་ཨ་རིའི་རོགས་ཚོགས་ USAID ཡིན་འདུག་པ་བཅས། །