༢༠༢༠ ཟླ་ ༡ ཚེས་ ༢༧ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༢༦ ཉིན་གྱི་སྔ་དྲོ་ཆུ་ཚོད་༩།༣༠ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་མདུན་ཐང་དུ་བཀའ་བློན་རྣམ་པས་གཙོས་ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམས་ལྷན་འཛོམས་ཐོག རྒྱ་གར་དེ་བཞིན་མང་གཙོའི་རྒྱལ་ཁབ་ཏུ་དབུ་བརྙེས་ནས་མི་ལོ་ ༧༡ ཧྲིལ་པོ་འཁོར་བའི་དུས་ཆེན་ཁྱད་པར་ཅན་སྲུང་བརྩི་ཞུས་འདུག
དེ་ཡང་མཛད་སྒོའི་ཐོག་མར་སྲིད་སྐྱོང་གི་ལས་ཚབ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་རྒྱ་གར་གྱི་རྒྱལ་དར་མཁའ་དབྱིངས་སུ་བསྒྲེངས་འཛུགས་ཀྱིས་རྒྱ་གར་རྒྱལ་གླུ་དབྱངས་སུ་གྱེར། སྐབས་དེར་ཁོང་གིས་གསུང་དོན། དེ་རིང་ནི་རྒྱ་གར་འཕགས་ཡུལ་འདི་བཞིན་མང་གཙོའི་རྒྱལ་ཁབ་ཏུ་དབུ་བརྙེས་ནས་ལོ་ངོ་ ༧༡ འཁོར་བཞིན་ཡོད། དེར་བརྟེན་དུས་ཚིགས་ཁྱད་པར་ཅན་དང་བསྟུན་བོད་མིའི་སྒྲིག་འཛུགས་ཀྱིས་འཛམ་གླིང་ས་ཕྱོགས་གང་སར་གནས་འཁོད་བོད་མི་ཡོངས་ཀྱི་ཚབ་ཞུས་ནས་རྒྱ་གར་གཞུང་མང་གཉིས་ལ་འཚམས་འདྲི་ཞུ་རྒྱུ་ཡིན།
དུས་ཡུན་དེའི་རིང་རྒྱ་གར་ནང་མང་གཙོའི་རིང་ལུགས་དར་འཕེལ་དང་སྣ་མང་རིག་གཞུང་མཉམ་གནས་ཐུབ་པའི་གནའ་རབས་སྲོལ་རྒྱུན་གྱི་གོམས་གཤིས་བཟང་པོ་མི་ཉམས་དར་འཕེལ་ཐུབ་པ་དེར་འཛམ་གླིང་ཀུན་གྱིས་ཡི་རང་བསྔགས་བརྗོད་ཞུ་བཞིན་ཡོད། བོད་མིར་མཚོན་ན་རྒྱ་གར་གཞུང་མང་གཉིས་ཀྱི་ཐུགས་རྗེའི་བཀའ་དྲིན་ནམ་ཡང་རྗེད་ཐབས་མེད། རྒྱ་གར་གཞུང་མང་གཉིས་ཀྱིས་བོད་མིའི་མགོན་སྐྱབས་བླ་ན་མ་མཆིས་པ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཆབ་སྲིད་ཀྱི་གནས་བབ་འོག གནས་ཚང་གི་མཐུན་འགྱུར་རྒྱ་ཆེ་ཞུས་དང་ཞུ་མུ་ཡིན་པ་མ་ཟད། ལྷག་པར་བོད་མི་བཙན་བྱོལ་བ་རྣམས་ལ་རྒྱ་གར་ས་ཐོག་ཏུ་རང་གི་ཐུན་མིན་ཆོས་དང་རིག་གཞུང་། སྐད་ཡིག ཡུལ་གོམས་གཤིས་ལུགས་སོགས་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོའི་མཐུན་འགྱུར་རམ་འདེགས་རྒྱ་ཆེ་གནང་བར་བོད་མི་ཡོངས་ཀྱིས་དུས་རྟག་ཏུ་བཀའ་དྲིན་སྙིང་བཅང་ཞུ་བཞིན་ཡོད།
བོད་མི་ཚོས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སེམས་ཁམས་རིག་པ་དང་ཚད་མ་རིག་པའི་ལྟ་གྲུབ་ལ་གཞི་བཅོལ་བའི་རྒྱ་གར་གནའ་རབས་ཀྱི་ལེགས་བཤད་དེ་དག་རྒྱ་གར་རང་གི་ནང་དུ་བསྐྱར་གསོ་མཛད་པའི་མཛད་བྱུས་བཟང་པོར་རམ་འདེགས་ཞུས་པ་བརྒྱུད་རྒྱ་གར་འཕགས་ཡུལ་ལ་བཀའ་དྲིན་རྗེས་ཞུ་བཞིན་ཡོད། ཅེས་གསུང་པ་མ་ཟད། རྒྱ་གར་གཞུང་གིས་བོད་བརྒྱུད་ནང་བསྟན་གྱིས་འགྲོ་བ་མི་སྡེའི་སྤྱི་ཚོགས་ལ་ཞབས་འདེགས་བསྒྲུབས་དང་བསྒྲུབ་བཞིན་པར་ངོས་ངོས་འཛིན་ཞུ་སླད་རིག་གནས་དེར་བསླབས་ནས་བྱས་རྗེས་འཇོག་མཁན་གྱི་སྐྱེ་བོར་རྒྱ་གར་མི་སེར་གྱི་ཕུལ་བྱུང་གཟེངས་རྟགས་པདྨ་ཤྲཱི་ཕུལ་བ་བརྒྱུད་ངོས་འཛིན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས།
དེ་ཡང་མང་གཙོའི་དུས་ཆེན་ཐེངས་ ༧༡ ཐོག་ཨ་རི་ཀོ་ལམ་བྷི་ཡ་གཙུག་ལག་སློབ་ཁང་གི་འཕགས་བོད་ནང་པའི་རིག་གཞུང་ཉམས་ཞིབ་བསྟི་གནས་ཁང་གི་སློབ་དཔོན་ཆེན་མོ་སྐུ་ཞབས་རོ་བྷཌ་ཐུར་མན་ Professor Robert Thurman མཆོག་ལ་པདྨ་ཤྲཱི་གཟེངས་རྟགས་Padma Shri awardགནང་འདུག་པ་བཅས།།
པར་པ་བསྟན་འཛིན་ཕན་བདེ་ལགས།