ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༡༧ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༡༤ ནས་ ༡༦ བར་ཉིན་གྲངས་གསུམ་རིང་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་དང་། ཁེ་ན་ཌ་རོགས་སྐྱོབ་ཐེབས་རྩའི་ Global Affairs Canada མཐུན་འགྱུར་འོག རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་རྟེན་གཞི་བྱས་པའི་སེར་བྱེས་ཡིད་དགའ་ཆོས་གླིང་དུ་སློབ་གྲྭའི་སློབ་སྤྱི་དང་དགེ་ཆེ་རྣམས་ལ་འགོ་ཁྲིད་ཟབ་སྦྱོང་ཚོགས་གནང་ཡོད།
དེ་ཡང་ཕྱི་ཚེས་ ༡༤ ཉིན་དབུ་འབྱེད་མཛད་སྒོའི་ཐོག་སེར་སྨད་གྲྭ་ཚང་གི་མཁན་པོ་བཀྲ་ཤིས་ཚེ་རིང་ལགས་དང་། ཤེས་རིག་དེང་སྲོལ་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས། ཟབ་ཁྲིད་པ་མན་ཝི་ཨ་རོ་ར་ Ms Manvi Arora ལགས་དང་། བྷེ་ཌུར་ཡ་སེན་ Mr Baidurya Bhusan Sen ལགས། ཟབ་སྦྱོང་དུ་ཕེབས་པའི་སློབ་གྲྭ་ཁག་གིས་སློབ་སྤྱི་དང་དགེ་ཆེ་བཅས་ཁྱོན་མི་གྲངས་ ༢༢ ཚང་འཛོམས་ཀྱིས་ཐོག་མར་ཤེས་ཡོན་དེང་སྲོལ་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་འཚམས་འདྲིའི་གསུང་བཤད་དང་སྦྲགས། ཟབ་སྦྱོང་གི་ངོ་སྤྲོད་སྙིང་བསྡུས་ཤིག་གནང་གྲུབ་མཚམས་ཟབ་ཁྲིད་པ་རྣམས་ཀྱིས་ཟབ་སྦྱོང་སྤྱི་ཡོངས་སྒྲོམ་གཞི་སོགས་ངོ་སྤྲོད་གནང་།
སྤྱིར་ཟབ་སྦྱོང་གི་དམིགས་ཡུལ་གཙོ་བོ་ནི། སློབ་ཕྲུག་རྣམས་ལམ་སྟོན་ཇི་ལྟར་གནང་རྒྱུ། སློབ་གྲྭའི་འཛིན་སྐྱོང་ལས་དོན་ཁག་སྟངས་འཛིན་བྱེད་ཕྱོགས་སོགས་ཀྱི་བརྒྱུད་ནས་སློབ་སྤྱི་དང་དགེ་ཆེ་རྣམས་ནས་རང་རེའི་སློབ་གྲྭ་ཁག་གི་ནང་འགོ་ཁྲིད་ནུས་པ་སྐྱེ་སྲིང་བྱེད་དགོས་སྐོར་ཡིན་འདུག་དང་། ཟབ་སྦྱོང་གི་བརྗོད་གཞི་ཁག་ནི། སློབ་གྲྭའི་འཆར་སྣང་། ཡར་རྒྱས་འཆར་གཞི། དགེ་རྒན་རྣམས་ནས་སློབ་ཚན་འཆར་གཞི་བཟོ་སྐབས་ལམ་སྟོན་བྱེད་ཕྱོགས་སོགས་ཀྱི་སྐོར་ཡིན་འདུག
ཐེངས་འདིའི་ཟབ་སྦྱོང་ནང་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་སམ་བྷོ་ཊའི་སློབ་གྲྭ་ཁག་ནས་མི་གྲངས་ ༡༥ དང་། སྦེལ་ཀོབ་བོད་ཁྱིམ་ནས་ ༤ ། སེ་ར་སྨད་ཐོས་བསམ་སློབ་གྲྭ་ནས་ ༢ ། དེ་བཞིན་སེ་ར་བྱེས་ནས་ ༡ བཅས་མཉམ་ཞུགས་གནང་འདུག་པ་བཅས། །