༢༠༢༠ ཟླ་ ༡ ཚེས་ ༢༤ རེས་གཟའ་པ་སངས།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་ཉེ་ལམ་ནུབ་བྷེང་གལ་མངའ་སྡེའི་རྡོར་གླིང་ས་གནས་སུ་ཕེབས་ནས་བཀའ་ཤག་གི་ལས་འཆར་སྤྱི་དང་ལྷག་པར་བོད་ཀྱི་གནད་དོན་སྐོར་གསལ་བཤད་གནང་འདུག
སྤྱིར་བཀའ་བློན་མཆོག་ཐེངས་འདིར་ནུབ་བྷེང་གལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ལྕམ་སྐུ་མམ་ཏ་བྷེ་ནར་ཇི་མཆོག་དང་མཇལ་འཕྲད་གནང་ནས་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ ༢༠༡༤ ཞེས་པ་ནུབ་བྷེང་གལ་མངའ་སྡེའི་ནང་ལག་བསྟར་གནང་སྐྱོང་ཡོང་བ་དང་། མངའ་སྡེའི་ནང་གི་བོད་མི་བཙན་བྱོལ་བའི་འབྲེལ་ཡོད་གནད་དོན་ཞུ་འཆར་ཡོད་ཀྱང་། ཕྱོགས་གཅིག་ནས་སྤྱི་ཁྱབ་བློན་ཆེན་མཆོག་མཛད་བྲེལ་ཆེ་ཞིང་། གཉིས་ནས་རྒྱ་གར་གཞུང་གིས་ཉེ་ལམ་མི་སེར་ཐོབ་ཐང་གི་སྲིད་བྱུས་འཛིན་སྟངས་ལ་འགྱུར་བ་བཏང་བར་བརྟེན་མཇལ་འཕྲད་གནང་མ་ཐུབ་པ་རེད། འོན་ཀྱང་བཀའ་བློན་མཆོག་གིས་མངའ་སྡེའི་རྫོང་ཡར་རྒྱས་ལས་ཁུངས་སུ་ཕེབས་ནས་མངའ་སྡེའི་གྲོས་ཚོགས་འཐུས་མི་ཟུར་པ་སྐུ་ཞབས་ཨ་མར་སིངྒ་ར་ཡེ་Mr Amar Singh Rai མཆོག་དང་མཇལ་འཕྲད་གནང་འདུག སྐབས་དེར་བཀའ་བློན་མཆོག་གིས་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ ༢༠༡༤ ཞེས་པ་མངའ་སྡེའི་ནང་ལག་བསྟར་འགྱོགས་མྱུར་ཡོང་བའི་འབོད་སྐུལ་གནང་བ་མ་ཟད། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་དང་མཇལ་འཕྲད་གང་མགྱོགས་ཡོང་བར་མཐུན་འགྱུར་གནང་དགོས་པའི་རེ་འདུན་བཏོན་འདུག
དེ་རྗེས་བཀའ་བློན་མཆོག་གིས་བྷོ་ཊི་ཡ་མཐུན་ཚོགས་ཀྱི་འགན་འཛིན་སྐུ་ཞབས་དཔལ་ལྡན་ལགས་དང་མཇལ་འཕྲད་གནང་འདུག སྤྱིར་རྡོར་གླིང་ས་འགོ་ལས་ཁུངས་ནས་སྐུ་ཞབས་དཔལ་ལྡན་ལགས་དང་ལྷན་ནང་སྲིད་བཀའ་བློན་མཆོག་དང་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་དབར་མཇལ་འཕྲད་ཡོང་སླད་འབད་བརྩོན་ཞུས་དང་ཞུ་མུས་ཡིན་འདུག དེ་ཉིན་གྱི་ཕྱེད་ཡོལ་ཙམ་ལ་རྡོར་གླིང་ས་གནས་བོད་མིའི་ཚོགས་པའི་འགོ་གཙོ་དང་གཞུང་འབྲེལ་མིན་པའི་ཚོགས་པའི་སྐུ་ཚབ་བཅས་ཀྱིས་བཀའ་བློན་མཆོག་ལ་དགོང་ཚིགས་གོ་འདེགས་འབུལ་ཞུས་པ་དང་། གསོལ་སྟོན་མཛད་སྒོའི་ཐོག་བཀའ་བློན་མཆོག་གིས་བཀའ་ཤག་གི་ལས་འཆར་ཁག་གཅིག་དང་། བོད་ཕྱི་ནང་གཉིས་ཀྱི་གནད་དོན་སྐོར་གསུང་བཤད་གནང་འདུག ནང་སྲིད་བཀའ་བློན་མཆོག་དང་ནུབ་བྷེང་གལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་རྣམ་གཉིས་དབར་མཇལ་འཕྲད་ཡོང་སླད་འབྲེལ་ཡོད་ས་གནས་འགོ་འཛིན་ལས་ཁུངས་སོགས་ཀྱིས་ད་བར་འབད་རྩོལ་ཡོད་དགུ་རྩལ་སྤྲུག་གནང་འདུག་ཀྱང་བློ་ཕམ་པ་ཞིག་ལ་ད་བར་ལམ་ལྷོངས་བྱུང་མེད།
ཕྱི་ཚེས་ ༢༣ ཉིན་བཀའ་བློན་མཆོག་གིས་ས་ལུ་ག་རའི་སྤྱི་ཁང་གསར་རྒྱག་ལས་འཆར་ཚོགས་ཆུང་གི་ཚོགས་མི་དང་ཐུག་འཕྲད་གནང་ནས་ལས་གཞིའི་གནས་སྟངས་སྐོར་འདྲི་རྩད་གནང་བ་མ་ཟད། ཁྲིམས་ཐོག་ནས་མ་འོངས་པར་དཀའ་ངལ་མ་འཕྲད་པ་ཞིག་བྱེད་དགོས་སྟབས་ཚོགས་ཁང་བརྒྱག་ཆོག་པའི་ས་གནས་འབྲེལ་ཡོད་ལས་ཁུངས་ནས་བཀའ་འཁྲོལ་དུས་ཐོག་ཞུ་དགོས་པའི་ལམ་སྟོན་གནང་འདུག ཐེངས་འདིར་རྡོར་གླིང་ས་གནས་འགོ་འཛིན་བསྟན་འཛིན་ནོར་ལྡན་ལགས་དང་། ཀ་སྦུག་ས་གནས་འགོ་འཛིན་བསྟན་འཛིན་ཟླ་སྒྲོན་ལགས། སོ་ན་ད་ས་འགོ་བསྟན་འཛིན་གཡང་འཛོམས་ལགས་བཅས་ཀྱིས་ནང་སྲིད་བཀའ་བློན་མཆོག་དང་ལྷན་བཅར་ཞུས་འདུག མཛད་རིམ་ལྟར་ན་ཕྱི་ཟླ་ ༡ ཚེས་ ༢༥ ཉིན་བཀའ་བློན་མཆོག་བཞུགས་སྒར་དུ་ཕེབས་འབྱོར་གནང་རྒྱུ་ཡིན་པ་བཅས།།