ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༡༦ རེས་གཟའ་ཕུར་བུ།
༄༅། །ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་ནག་སེལ་གཤེད་འཇོམས་ཞེས་བའི་ལས་འགུལ་འོག་བོད་ནག་ཆུ་ས་ཁུལ་སོག་རྫོང་ནས་བོད་མི་བཅུ་གཉིས་ལ་ཉེས་འཛུགས་ཀྱིས་ཁྲིམས་ཐག་བཅད་འདུག
ཕྱི་ལོ་ ༢༠༢༠ ལོའི་ཟླ་ ༡ ཚེས་ ༧ ཉིན། རྒྱ་ནག་གཞུང་གིས་ནག་སེལ་གཤེད་འཇོམས་ཟེར་བའི་དམ་དྲག་ལས་འགུལ་ཁྲོད་འཛིན་བཟུང་བྱས་བའི་བོད་ནག་ཆུ་ས་ཁུལ་སོག་རྫོང་ནས་བོད་མི་མི་གྲངས་ ༡༢ ་ཀྱིས་གྲོང་མི་སྒྲིག་འཛུགས་བྱས་ཏེ་ཆོས་ཕྱོགས་ཀྱི་བྱེད་སྒོ་ལ་བརྟེན་ནས་རྩ་འཛུགས་ཀྱི་དོ་དམ་ལ་ཐེ་ཇུས་དང་། མགོ་སྐོར་བསླུ་བྲིད་བཏང་བ། མང་ཚོགས་ལ་མངོན་ལྐོག་གཉིས་ནས་རྨོངས་དད་ཀྱི་བསམ་བློ་དྲིལ་སྒྲོག་བྱས་བ་སོགས་ཀྱི་ཉེས་འཛུགས་འོག ཁོང་ཚོར་དུས་བཀག་བཙོན་འཇུག་ཟླ་བ་དགུ་ནས་ལོ་གཅིག་དང་ཟླ་བ་དགུ་བར་གྱི་ཁྲིམས་ཐག་བཅད་ལུགས། བོད་ལྗོང་ཉིན་རེའི་ཚགས་ཤོག་ནང་ཕྱི་ཚེས་ ༡༤ ཉིན་གནས་ཚུལ་སྤེལ་འདུག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཕ་ཡུལ་སོག་རྫོང་ནས་ཡིན་པའི་བོད་མི་མང་སྤྱི་འཐུས་ངག་དབང་ཐར་པ་ལགས་སུ་དེའི་སྐོར་རྒྱུས་ལོན་བྱེད་སྐབས། ཁོང་གིས་ ༢༠༠༨ ལོ་ནས་བཟུང་རྒྱ་ནག་གཞུང་གིས་སོག་རྫོང་དང་འབྲི་རུ་རྫོང་བཅས་ནག་ཆུའི་ཤར་ཕྱོགས་ཀྱི་རྫོང་ཁག་གསུམ་ལ་དམ་དྲག་འདྲ་མིན་བྱས་ནས་མི་སྣ་འཛིན་བཟུང་དང་བཀག་ཉར་བྱས་བ་ཚོད་རྩིས་དཀའ་བ་རེད། ད་རེས་རྒྱ་ནག་གཞུང་འབྲེལ་གྱི་གསར་ལམ་ཐོག་ཐོན་པའི་གནས་ཚུལ་དེར་བལྟས་ན་བོད་མིའི་ཆོས་དད་རང་དབང་ལ་རྡོག་རོལ་གཏོང་བཞིན་པའི་རྣམ་པ་ཞིག་མཐོང་ཡོང་གི་འདུག སྤྱིར་བཏང་རྒྱ་ནག་གཞུང་གིས་དམ་དྲག་གི་སྲིད་ཇུས་བྱེད་ཐབས་འདྲ་མིན་གྱི་མིང་ཐོག་བོད་ནང་གི་བོད་མི་ཆོས་དང་རིག་གཞུང་ལ་དོ་སྣང་ཡོད་མཁན། ཤ་ཞེན་ཡོད་མཁན་བཅས་ལ་མ་ཉེས་ཁ་གཡོག་བྱེད་བཞིན་པ་རེད་ཅེས་ངོ་སྤྲོད་གནང་བྱུང་།
རྒྱ་ནག་གི་གསར་འགྱུར་ནང་། སོག་རྫོང་མི་དམངས་ཁྲིམས་ཁང་གིས་ཉེས་ཅན་པ་ཟེར་བ་མི་གྲངས་༡༢་ལ་ཞིབ་བཤེར་བྱས་པ་བརྒྱུད། གྱོད་ཡ་འབྲུག་ཆེ་གེ་མོ་སོགས་མི་གྲངས་༡༢་ཀྱིས་ལོ་ལྟར་སྡིག་སྤོང་དགེ་སྒྲུབ་ཀྱི་བྱེད་སྒོ་སྤེལ་སྐབས། གྲོང་མི་སྒྲིག་འཛུགས་བྱས་ཏེ་ཆོས་ལུགས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་གཞི་རིམ་རང་སྐྱོང་རྩ་འཛུགས་ཀྱི་དོ་དམ་ལ་ཐེ་བྱུས་དང་། མགོ་སྐོར་བསླུ་བྲིད། མང་ཚོགས་ལ་བརྙས་བཅོས། མང་ཚོགས་ལ་མངོན་ཡོད་དང་མངོན་མེད་ཀྱིས་རྨོངས་དད་ཀྱི་བསམ་བློ་སྒྲོག་པ། བཀས་བཀོད་རྒྱུད་འཛིན་གྱི་ཁྲིམས་སྲོལ་ལག་བསྟར་བཅས་བྱས་ནས་ཆོས་ལུགས་ཀྱི་ཤུགས་རྐྱེན་ངན་པ་གྲོང་ཚོ་དེའི་ཁྱབ་ཁོངས་སུ་སྤེལ་བ་དང་། ཁྱབ་པའི་རེ་ངན་བཅངས་ཡོད་ལུགས་སོགས་ཉེས་འཛུགས་བྱས་འདུག