ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༢༧ རེས་གཟའ་ཟླ་བ།
༄༅། །རྒྱ་ནག་གཞུང་གིས་དེང་སྐབས་འཛམ་གླིང་ས་ཕྱོགས་གང་སར་བོད་ཀྱི་སྐུ་ཚབ་ཡིན་ཁུལ་གྱིས་བོད་མི་ཁག་གཅིག་བཏང་ནས་བོད་ནང་གི་བོད་མི་ཚོས་ཞི་བདེ་དང་ཡར་རྒྱས་ཀྱི་དཔལ་ཡོན་ཕུན་སུམ་ཚོགས་པར་ཅི་དགར་རོལ་བཞིན་ཡོད་པའི་འཁྱོག་བཤད་སྣ་ཚོགས་བྱེད་བཞིན་པར་དྲིལ་བསྒྲགས་དྲུང་ཆེ་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་སྐྱོན་བརྗོད་ཤུགས་ཆེ་གནང་དོན། རྒྱ་ནག་གཞུང་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་བཏང་དང་གཏོང་བཞིན་པ་དང་། བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་ཐུན་མིན་ཡུལ་གོམས་གཤིས་ལུགས་སྲུང་སྐྱོབ་བྱ་རྒྱུའི་གཞི་རྩའི་ཐོབ་ཐང་ལ་རང་སྣང་གང་དྲན་གྱིས་བརྩི་མེད་རྡོག་རོལ་ཚབས་ཆེ་བཏང་བ་དེ་དག་འགེབ་སྲུང་ཆེད། དེང་སྐབས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བོད་ཀྱི་སྐུ་ཚབ་ཚོགས་ཆུང་ཟེར་བ་བཏང་ནས་འཁྱོག་བཤད་ལས་འགུལ་ཤུགས་ཆེ་སྤེལ་བཞིན་འདུག ཕྱི་ཚུལ་ལ་བོད་ནང་གི་བོད་མི་ཚོས་རྒྱ་ནག་དམར་པོའི་དབང་སྒྱུར་འོག་དུས་རྟག་ཏུ་དགའ་སྐྱིད་ཀྱི་འཚོ་བར་ཅི་དགར་རོལ་བཞིན་པའི་རྣམ་འགྱུར་འདོན་རྒྱུ་ཁོ་ནའི་ཆེད་འཁྱོག་བཤད་ཀྱི་དྲིལ་བསྒྲགས་ལས་འགུལ་དེ་སྤེལ་བ་ཞིག་རེད། ཅེས་གསུངས།
དྲུང་ཆེས། ” བདུན་ཕྲག་སྔོན་མར་རྒྱ་ནག་གཞུང་འབྲེལ་གསར་འགྱུར་ཚན་པས་བསྒྲགས་པའི་གནས་ཚུལ་ལ་སྐྱོན་བརྗོད་ཤུགས་ཆེ་གནང་བ་དང་སྦྲགས། ཐེངས་འདིར་རྒྱལ་ཁབ་ ༢༠ ལྷག་ནང་བོད་ཀྱི་སྐུ་ཚབ་འཐུས་མི་ཟེར་བ་བཏང་ནས་རྒྱ་ནག་གཞུང་གིས་ད་བར་བོད་ནང་དུ་འཛུགས་སྐྲུན་ཡར་རྒྱས་ཀྱི་ལས་འགུལ་ཐོག་རླབས་ཆེན་གྱི་བྱས་རྗེས་བཞག་ཚུལ་དང་། ལྷག་པར་རྒྱ་ནག་གི་ལྷོ་ནུབ་བོད་རང་སྐྱོང་ལྗོངས་ཟེར་བའི་ས་ཁུལ་ནང་དཔལ་འབྱོར་དང་སྤྱི་ཚོགས། འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་གི་གནས་སྟངས་ཡར་རྒྱས་བཏང་བ་མ་ཟད། བླ་སྤྲུལ་ཡང་སྲིད་རྩད་གཅོད་ཞུ་རྒྱུའི་བདག་དབང་རྒྱ་ནག་གཞུང་ལ་གནའ་སྔ་མོ་ནས་ཡོད་ལུགས། དེ་བཞིན་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱེད་ཚུལ་སྐོར་དངོས་བདེན་རྩ་བ་ནས་མིན་པའི་འཁྱོག་བཤད་སྣ་ཚོགས་བྱེད་བཞིན་ཡོད། དེ་ནི་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་མི་མང་མགོ་སྐོར་སླུ་ཁྲིད་བྱེད་ཐབས་ཤིག་རེད། ” ཅེས་གསུངས།
ཡང་ཁོང་གིས། ” འདི་ལོའི་ཟླ་སྟོད་ནང་དུ་ཨ་རིར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་ཆུང་གིས་ ༢༠༢༠ ལོ་འཁོར་སྙན་ཐོ་ཞིག་བཏོན་པའི་ནང་དུ། རྒྱ་ནག་དམར་པོའི་སྲིད་གཞུང་དེ་ནི་གོ་ལ་ཁྱོན་དུ་འགྲོ་བ་མིའི་ཐོབ་ཐང་ལ་ཉེན་ཚབས་ཧ་ཅང་ཆེ་བའི་སྟོབས་ཤུགས་ཤིག་རེད། ཅེས་གསལ་འདུག སྙན་ཐོའི་ནང་རྒྱ་ནག་གཞུང་གིས་བོད་མིའི་འགྲོ་འདུག་སྤྱོད་གསུམ་ཐོག་དམ་བསྒྲགས་ཚབས་ཆེ་བྱེད་བཞིན་པ་དང་། ལྷག་པར་བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག་སྲུང་སྐྱོབ་ཀྱི་རང་དབང་འཕྲོག་ཅིང་། བོད་མི་རྣམས་རང་དབང་སྒོ་ནས་འདུ་འཛོམས་བྱ་རྒྱུའི་ཐོབ་ཐང་སོགས་རྩ་བ་ནས་མ་སྤྲད་པར་དབང་ཡོད་ཁོ་ནའི་འོག་བོད་མི་རྣམས་དཀའ་སྡུག་ཧ་ཅང་མྱོང་བཞིན་པ་དང་། རྒྱ་ནག་གཞུང་གིས་བོད་མིའི་ཐོག་རིག་གསར་འཕྲུལ་ཆས་ཀྱི་ལམ་ནས་སོ་ཉུལ་བྱས་པ་དང་། བཅོས་མའི་ཤེས་རབ་ལྡན་པའི་རིག་གསར་འཕྲུལ་ཆས་འདྲ་མིན་བརྒྱུད་བོད་མིའི་ཐོག་དམ་བསྒྲགས་ཚབས་ཆེ་བྱེད་བཞིན་པའི་སྐོར་ཞིབ་ཕྲ་སྙན་ཐོར་བཀོད་འདུག སྙན་ཐོ་དེ་ལྟར་ན་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་གི་དགོན་པའི་དགེ་བཙུན་གྱི་གྲངས་འབོར་ལ་དམ་བསྒྲགས་ཚོད་འཛིན་བྱས་པ་མ་ཟད། རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོའི་ལས་འགུལ་ཟེར་བ་སྤེལ་ནས་བོད་ཡུལ་རྒྱ་ཡུལ་བསྒྱུར་རྒྱུའི་བྱུས་ངན་ལག་བསྟར་མུ་མཐུད་བྱེད་བཞིན་པ་འཁོད་འདུག ལྷག་པར་དགོན་པའི་དགེ་འདུན་པ་རྒན་གྲས་ཚོས་རྒྱ་ནག་དམར་པོའི་སྲིད་གཞུང་གིས་༸རྒྱལ་བའི་ཡང་སྲིད་ཐག་གཅོད་ཞུ་རྒྱུའི་སྲིད་བྱུས་ལ་རྒྱབ་སྐྱོར་བྱེད་དགོས་པའི་བཙན་བཀའ་གཏོང་བཞིན་ཡོད་སྐོར་འཁོད་འདུག གནས་སྟངས་དེ་འདྲའི་འོག་བོད་མི་རྣམས་འ་ཆད་འུ་ཐུག་ཀྱིས་ཕྱི་ལོ་ ༢༠༠༩ ནས་ད་བར་བོད་ནང་དུ་བོད་མི་ ༡༥༤ རང་ལུས་མེར་སྲེག་བཏང་ཡོད། དེས་གང་མཚོན་བཞིན་ཡོད་པ་བརྗོད་ན། བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་མེད་པ་གསལ་པོར་མཚོན་ཐུབ། ” ཅེས་དྲིལ་བསྒྲགས་དྲུང་ཆེས་སྐྱོན་བརྗོད་ཤུགས་ཆེ་གནང་བ་དང་སྦྲགས། གལ་ཏེ་རྒྱ་ནག་གཞུང་ལ་དེ་ལྟ་བུའི་འདེང་སྤོབས་ཡོད་ཚེ་བོད་ནང་དུ་རྟོག་ཞིབ་ཚོགས་པ་ཅིའི་ཕྱིར་མ་གཏང་བ་ཡིན་ནམ། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་ཚོགས་མི་དང་། གཞུང་འབྲེལ་གནད་ཡོད་ཚོགས་ཆུང་། རྒྱལ་སྤྱིའི་གསར་འགོད་པ་སོགས་བོད་ནང་གཟིགས་སྐོར་འཕེབས་འཇུག་དགོས། ཁོང་རྣམ་པས་བོད་ནང་གི་དངོས་ཡོད་གནས་སྟངས་ཇི་ཡིན་རྟོག་ཞིབ་གནང་ནས་ཐག་གཅོད་གནང་ཐུབ་པ་རེད། ཉེ་ལམ་རྒྱ་ནག་གཞུང་གི། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས། ཟེར་བའི་ཁྲིམས་གཞི་བསྒྲགས་ནས་བོད་ཡུལ་རྒྱ་ཡུལ་དུ་བསྒྱུར་ཐབས་བྱས་པ་དེས་ད་ལྟའི་བོད་ནང་ཡར་རྒྱས་བཏང་བ་དང་། བོད་མི་དེ་དག་བདེ་སྐྱིད་ཀྱི་དཔལ་ཡོན་ཕུན་སུམ་ཚོགས་པར་རོལ་བཞིན་པའི་འཁྱོག་བཤད་བྱས་པ་དང་དངོས་ཡོད་གནས་སྟངས་གཉིས་རྦད་དེ་དངོས་འགལ་ཆགས་ཡོད། ” ཅེས་གསུངས།
ཐེངས་འདིར་སྐུ་ཚབ་འཐུས་མི་དེ་དག་ཨ་རི་དང་ཨིན་ཡུལ། ཁེ་ན་ཌ། ཨོ་གླིང་། བྷེལ་ཇམ་སོགས་ནང་སྐོར་སྐྱོད་བྱེད་བཞིན་ཡོད་འདུག་པ་བཅས།།