༢༠༢༠ ཟླ་ ༡ ཚེས་ ༧ རེས་གཟའ་མིག་དམར།
༄༅། །འདི་གར་ནང་སྲིད་ལས་ཁུངས་ནས་ཕྱི་ལོ་ ༢༠༢༠ ཟླ་ ༠༡ ཚེས་ ༠༦ ཉིན་བཏང་གནས་ནང་འཁོད་དོན། སྔ་ལོ་ཕྱི་ལོ་ ༢༠༡༩ ཟླ་ ༠༩ ཚེས་ ༠༤ དགོང་དྲོ་ཆུ་ཚོད་ ༡༠།༣༠ ཐོག་རྒྱ་གར་བྱང་ཕྱོགས་ས་གནས་ཌལ་ཧོར་ཕུན་ཚོགས་གླིང་ལག་ཤེས་བཟོ་གྲྭའི་ཚོང་ཁང་ལ་གློ་བུར་མེ་སྐྱོན་ཤོར་བར་བརྟེན་ཚོང་ཁང་གི་དངོས་ཟོག་ཕོན་ཆེ་མེས་ཚིག་སྟེ་གྱོང་གུན་བྱུང་ཡོད་པ་དེ་དག་གུན་གསབ་ཆེད་ནང་སྲིད་ལས་ཁུངས་ནས་རོགས་ཚོགས་ཁག་དང་། ཁྱབ་ཁོངས་རྒྱ་བལ་འབྲུག་གསུམ་ས་གནས་འགོ་འཛིན་རྣམ་པ་བཅས་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་ཞལ་འདེབས་གང་ཐུབ་བསྡུ་སློང་ཡོང་བའི་འབོད་བསྐུལ་ཡོངས་ཁྱབ་གསལ་བསྒྲགས་གནང་དོན་ལྟར། རོགས་ཚོགས་ཁག་ཅིག་དང་།
དེ་བཞིན་ས་གནས་འགོ་འཛིན་ལས་ཁུངས་སོ་སོའི་བརྒྱུད་མང་ཚོགས་བཅས་ནས་དུས་བཀག་རྒྱས་བཅད་ཀྱིས་ཞལ་འདེབས་ཕུལ་སོན་བྱུང་བ་ཁྱོན་ཧིན་སྒོར་ ༡༥,༢༨,༧༡༩ ཐམ་པ་བྱུང་ཡོད་པ་དེ་དག་ཌལ་ཧོར་ཕུན་ཚོགས་གླིང་ས་གནས་འགོ་འཛིན་དང་བཟོ་གཞིས་ལས་ཁུངས་གཅིག་ལྕོགས་སུ་ཁུངས་གཏོང་ཞུས་ཟིན་པར། གཏོང་ཕོད་ཅན་གྱི་ཕྱི་ནང་རོགས་ཚོགས་དང་མང་ཚོགས་བཅས་ནས་ཞལ་འདེབས་རྒྱ་གང་ཆེ་གནང་བར་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ནས་བརྒྱུད་ལམ་འདིའི་ཐོག་ནས་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུ་རྒྱུ་བཅས་ཀྱི་གསལ་བསྒྲགས་སུ།