ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༣༠ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༢༩ རེས་གཟའ་ཕུར་བུའི་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པ་ Prithviraj Road Cemetery རུ་བོད་མི་དང་བོད་དོན་ལ་ཁ་ཞེ་གཉིས་མེད་ཐོག་ནས་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་རྒྱ་གར་བདེ་སྲུང་བློན་ཆེན་ཟུར་པ་དམ་པ་ཇོར་ཇི་ཕར་ནན་ཌེ་སི་མཆོག་གི་ལོ་མཆོད་སྨོན་ལམ་གསུང་འདོན་དུ་ལྡི་ལི་དོན་གཅོད་འབྲོང་ཆུང་དངོས་གྲུབ་ལགས་ཆེད་ཕེབས་གནང་འདུག སྨོན་ལམ་གསུང་འདོན་གྱི་འདུ་འཛོམས་ཐོག་བཀའ་ཟུར་རྒྱ་རི་སྒྲོལ་མ་ལགས་དང་། དོན་གཅོད་ལས་བྱེད། ལྡི་ལི་བསམ་ཡས་གླིང་བོད་མིའི་གཞིས་ཆགས་ཀྱི་ས་འཐུས་བཅས་མཉམ་ཞུགས་གནང་།
དེ་ཡང་རྒྱ་གར་མང་གཙོའི་དུས་ཆེན་ཐེངས་ ༧༡ ཐོག་རྒྱ་གར་གྱི་བདེ་སྲུང་བློན་ཆེན་ཞིང་གཤེགས་སྐུ་ཞབས་ཇོར་རྗེ་ཕར་ནནྜེ་སི་མཆོག་ལ་པདྨ་ཝི་བྷུ་ཤན་གཟེངས་རྟགས་ Padma Vibhushan དེ་ཕུལ་རྒྱུའི་གསལ་བསྒྲགས་གནང་བར་ལྡི་ལི་དོན་གཅོད་འབྲོང་ཆུང་དངོས་གྲུབ་ལགས་ཀྱིས་ཤུལ་ལུས་ནང་མི་རྣམས་ལ་འཚམས་འདྲི་གནང་ཡོད།
སྤྱིར་པདྨ་ཝི་བྷུ་ཤན་གཟེངས་རྟགས་ནི་རྒྱ་གར་མི་སེར་གཟེངས་རྟགས་མཐོ་ཤོས་གཉིས་པ་ཡིན་ཞིང་། རྒྱ་གར་མི་སེར་གྱི་གཟེངས་རྟགས་མཐོ་ཤོས་དེ་ནི་བྷཱརཐ་རཏྣ་ Bharat Ratna ཞེས་པ་ཡིན་པ་བཅས། །