ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༢༠ རེས་གཟའ་ཟླ་བ།
༄༅། །འདི་གར་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༡༥ ནས་ ༡༨ བར་མོན་གྷོ་འབྲས་སྤུངས་བློ་གསལ་གླིང་སྒོམ་སྒྲུབ་དང་ཚན་རིག་ལྟེ་གནས་ཁང་དུ་ཤེས་རིག་ལས་ཁུངས་དང་འབྲས་སྤུངས་བློ་གསལ་གླིང་སྒོམ་སྒྲུབ་དང་ཚན་རིག་ལྟེ་གནས་ཁང་། ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་ཐུན་མོང་ནས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་སྤེལ་གྱི་རྒྱུས་སྟོན་པའི་ཟབ་སྦྱོང་གོ་སྒྲིག་ཞུས་ཡོད།
ཐེངས་འདིའི་ཟབ་སྦྱོང་ནང་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་དང་། ཏཱ་ལའི་བླ་མ་མཐོ་སློབ། ས་རཱ་བོད་ཀྱི་མཐོ་སློབ། འབྲས་སྤུངས་བློ་གསལ་གླིང་སློབ་གྲྭ། སེར་སྨད་སློབ་གྲྭ་སོགས་ནས་ཁྱོན་བསྡོམས་ཟབ་སྦྱོང་བ་ ༤༨ མཉམ་ཞུགས་གནང་ཡོད་ཅིང་། ཟབ་ཁྲིད་གནང་མཁན་ནི། ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཆེན་མོ་དགེ་བཤེས་བློ་བཟང་བསྟན་འཛིན་ལགས་དང་། ལོ་ཙཱ་བ་བརྩོན་འགྲུས་བསམ་འཕེལ་ལགས། རྒན་ཀཱིརིས་ཊ་ཏི་ནེ་རི་ལགས་བཅས་གསུམ་ཡིན།
ཟབ་སྦྱོང་གི་དབུ་འབྱེད་མཛད་སྒོར་ཟབ་ཁྲིད་པ་དགེ་བཤེས་བློ་བཟང་བསྟན་འཛིན་ལགས་ཀྱིས་དབུ་འབྱེད་གསུང་བཤད་དང་། དེ་བཞིན་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་ཕྱག་མཛོད་དགེ་བཤེས་ཐུབ་བསྟན་བློ་ལྡན་ལགས་དང་། སྒོམ་སྒྲུབ་དང་ཚན་རིག་ལྟེ་གནས་ཁང་གི་ཕྱག་མཛོད་དགེ་བཤེས་བསྟན་འཛིན་དཔལ་ལྡན་ལགས། ཟུང་དྲུང་བསྟན་འཛིན་པདྨ་བཅས་ནས་ཟབ་སྦྱོང་དང་འབྲེལ་བའི་གསུང་བཤད་རིམ་པར་གནང་ཡོད་ཅིང་། དངོས་གཞིའི་ཉིན་བཞིའི་ཟབ་སྦྱོང་སྐབས། ཟབ་སྦྱོང་སྤྱི་ཡོངས་ཀྱི་སྒྲོམ་གཞི་དང་དེའི་དམིགས་ཡུལ། སཱི་ཤེས་ཡོན་སློབ་གསོ་དང་དེའི་སྒྲོམ་གཞི་ངོ་སྤྲོད། སྒྲོམ་གཞི་དེའི་རྒྱབ་ལྗོངས་གནས་ཚུལ་དང་དེའི་བྱུང་རིམ། སཱི་ཤེས་ཡོན་སློབ་གསོའི་བསླབ་གཞི་ངོ་སྤྲོད་དང་། བསླབ་གཞིའི་ནང་གི་མྱོང་ཚན་ཁག་ངོ་སྤྲོད། རྩལ་ཁོངས་གསུམ་དང་ཁྱབ་ཁོངས་གསུམ། ཡུན་ཐུབ་ནུས་རྩལ། སྙིང་རྗེ། སོར་ཆུད་ཀྱི་ནུས་པ། དབང་ཚོར། སེམས་མྱོང་། ཡིད་བྱེད། རྟེན་འབྲེལ་སོགས་སློབ་ཁྲིད་གནང་ཡོད་ཅིང་། ཟབ་སྦྱོང་གི་གནད་དོན་ཁག་ཞིབ་ཕྲ་ཤེས་པའི་སླད་བརྗོད་གཞི་མཐའ་དག་བྱེད་སྒོ་འདྲ་མིན་གྱི་ལམ་ནས་ཁྲིད་གནང་ཡོད་པ་དང་། དེ་བཞིན་ཉིན་ལྟར་ཟབ་སྦྱོང་བ་ཚོའི་བསམ་ཚུལ་བསྡུ་ལེན་དང་། ཟབ་སྦྱོང་གི་ནང་དོན་དང་ལམ་སྟོན་གལ་ཆེ་ཁག་བོད་བསྒྱུར་གནང་ཡོད།
ཟབ་སྦྱོང་གི་མཇུག་བསྡོམས་མཛད་སྒོའི་ཐོག་འབྲས་སྤུངས་བློ་གསལ་གླིང་གི་མཁན་རིན་པོ་ཆེ་དགེ་བཤེས་བློ་བཟང་བསམ་གཏན་མཆོག་སྐུ་མགྲོན་གཙོ་བོར་ཆེད་ཕེབས་ཀྱིས་ཟབ་ཁྲིད་པ་རྣམས་ལ་ཐུགས་རྗེ་ལེགས་འབུལ་གྱི་མཇལ་དར་གནང་ཡོད་པ་དང་། དེ་བཞིན་མཉམ་ཞུགས་གནང་མཁན་ཡོངས་ལ་གསུང་བཤད་གནང་ཡོད། ཁོང་གིས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ནི་དེང་གི་ཆར་རིག་པའི་གཞུང་ལུགས་རྒྱ་ཆེན་པོ་ཞིག་ཆགས་བསྡད་ཡོད་པ་དང་། དེའི་ཤིང་རྟའི་སྲོལ་འབྱེད་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཡིན་པ་དང་། ཁོང་གི་བཀའ་དགོངས་དང་འབྲེལ་བའི་ལས་གཞི་གང་དང་གང་སྤེལ་བ། ལྷག་པར་དུ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་༸གོང་ས་མཆོག་གི་བཀའ་དགོངས་སྒྲུབ་པའི་ལས་གཞི་ཡོངས་ལ་གྲྭ་ཚང་དང་དེའི་ལྟེ་གནས་ཁང་གི་རྒྱབ་སྐྱོར་ཞུ་རྒྱུ་ཡིན་པ་གསུངས་ཡོད།
ཐེངས་འདིའི་ཟབ་སྦྱོང་ནང་མཉམ་ཞུགས་གནང་མཁན་ཡོངས་ལ་སཱི་ཤེས་ཡོན་སློབ་གསོའི་རྒྱུན་སྤྱོད་ལག་དེབ་དང་སཱི་ཤེས་ཡོན་སློབ་གསོའི་བསླབ་གཞི། དེ་བཞིན་སློབ་ཚན་དང་འབྲེལ་བའི་དེབ་ཆུང་དམིགས་ས་གཙོ་བོ་གསུམ་ Triple Focus ཞེས་པ་འགྲེམས་སྤེལ་ཞུས་ཡོད།
ཐེངས་འདིའི་ཟབ་སྦྱོང་གི་འགྲོ་གྲོན་ཡོངས་རྫོགས་ཕ་རན་སིའི་རོགས་ཚོགས་ Fonds De Dotation Mon Kontan Ou, France ནས་མཐུན་འགྱུར་གནང་ཡོད་པ་བཅས། །