ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༡༧ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༡༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་གྱི་བཞུགས་སྒར་དགའ་ལྡན་འཕེལ་རྒྱས་གླིང་གི་མཇལ་འཕྲད་ཁང་དུ་ཨ་རི་བ་དང་། བོད་རིགས། འབྲུག་པ། ཧི་མ་ལ་ཡ་རི་རྒྱུད་ཀྱི་མི་རིགས། དེ་བཞིན་རྒྱ་ནག་སྐམ་ས་ཆེན་པོ་དང་ཐའེ་ཝན་གྱི་རྒྱ་རིགས། རྒྱ་གར་བ་སོགས་ཁྱོན་མི་གྲངས་ ༢༦༠ བརྒལ་བར་དམིགས་བསལ་མཇལ་ཁ་དང་བཀའ་སློབ་སྩལ་དོན། ཐེངས་འདིར་རྡོ་རྗེ་གདན་ལ་བསྡད་ནས་སང་ཉིན་ངོས་རང་པཱཌ་ནར་ཕྱིན་ནས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་དང་མཇལ་འཕྲད་ཅིག་ཡོད། ངོས་ལ་བསམ་བློ་གསར་པ་ཞིག་ཡོད། རྡོ་རྗེ་གདན་གྱི་ཉེ་འཁོར་དུ་བླ་མ་བཟོད་པ་རིན་པོ་ཆེའི་ས་ཆ་ཞིག་ཡོད་པ་རེད། ངོས་རང་དེ་སྔ་དེར་ཕྱིན་པ་ཡིན། དེའི་ཉེ་འཁོར་དུ་རིམ་བཞིན་ཏཱ་ལའི་བླ་མའི་ནཱ་ལེནྡྲའི་རིག་གནས་སློབ་གཉེར་ཁང་ཞིག་འཛུགས་རྒྱུ་དང་། གང་ལྟར་ཆོས་གཅིག་པུ་མིན་པར་སེམས་ཁམས་རིག་པ་དང་། ཚད་མ་རིག་པ། ལྟ་གྲུབ་སོགས་སློབ་སྦྱོང་བྱེད་ས་ཡོད་པའི་སློབ་གཉེར་བསྟི་གནས་ཁང་ཞིག་ཡོང་རྒྱུ་ཕལ་ཆེར་གཏན་འཁེལ་བ་ཡིན། དེ་ལྟ་བུ་ཞིག་བང་རིམ་སྒྲིག་བཞིན་ཡོད། དེར་བརྟེན་སང་ཉིན་པཱཌ་ན་ལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དང་བཀའ་མོལ་ལྷོད་ལྷོད་ཞུ་རྩིས་ཡོད།
སངས་རྒྱས་བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་པའི་གནས་ཧ་ཅང་རྩ་ཆེན་པོ་རེད། དེའི་ཉེ་འདབས་ལ་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཤེས་ཡོན་གྱི་སྡེ་ཚན་ནང་ལ་བཞག་ནས་སློབ་སྦྱོང་བྱ་རྒྱུ་ཡོད་པ་ཞིག་ལ་ངོས་ཀྱིས་བསམ་བློ་གཏོང་གི་ཡོད་པ་རེད། ས་གནས་གཞུང་གིས་ཀྱང་ཐུགས་ཁུར་ཧ་ཅང་བཞེས་ཀྱི་འདུག སྲིད་སྐྱོང་དང་ཡང་ངོས་རང་སྔོན་མ་སྐད་ཆ་བྱུང་བ་རེད། ཁོ་རང་སེམས་ཤུགས་འཕར་ནས་དེའི་སྟེང་ལ་རྐང་ལས་ཀ་བྱེད་ཀྱི་ཡོད། རིམ་བཞིན་བཅོམ་ལྡན་འདས་སངས་རྒྱས་པའི་གནས་རྩ་ཆེན་པོ་ཡིན་པ་ཙམ་དུ་མ་ཟད། དེའི་ཉེ་འདབས་ལ་སྔོན་གྱི་ནཱ་ལེནྡྲ་སྐད་གྲགས་ཡོད་པ་དེར་ནཱ་ལེནྡྲ་གཉིས་པ་ཞིག་ཆོས་ཕྱོགས་ཀྱི་སྐད་ཆ་གཅིག་པུ་མིན་པར་ཤེས་ཡོན་གྱི་སྡེ་ཚན་བྱས་ནས་འཛུགས་རྒྱུའི་བང་སྒྲིག་ཡོད་པ་རེད། རིམ་བཞིན་སློབ་སྦྱོང་བྱེད་སའི་བསྟི་གནས་ཤིག་ཆགས་སོང་ན་དེར་སློབ་སྦྱོང་ལ་ཡོང་མཁན་མང་པོ་ཞིག་ཡོང་གི་རེད་ལ། ངོས་ཀྱང་དེར་དུས་ནས་དུས་སུ་སླེབ་ཀྱི་རེད། རྡོ་རྗེ་གདན་ལའང་ཡོང་གི་རེད། ཤེས་ཡོན་གྱི་བསྟི་གནས་གསར་པ་ཞིག་འཛུགས་ཐུབ་པ་དེས་ངོས་རང་འདིར་ཡོང་རྒྱུར་འབྲེལ་བ་ཞིག་ཆགས་ཀྱི་ཡོད་པ་རེད།
རྡོ་རྗེ་གདན་གནས་ཁྱད་པར་ཅན་ཆགས་ཡོད། ང་རང་ཚོ་ཚང་མས་སངས་རྒྱས་བཅོམ་ལྡན་འདས་ཞེས་དད་པ་བྱེད་སའི་ཡུལ་གཙོ་བོ་ཞིག་ལ་རྩི་བཞིན་ཡོད་པ་རེད། བཅོམ་ལྡན་འདས་རང་གིས། ཐུབ་རྣམས་སྡིག་པ་ཆུ་ཡིས་མི་འཁྲུ་ཞིང༌། །འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ། །ཉིད་ཀྱི་རྟོགས་པ་གཞན་ལ་སྤོ་མིན་ཏེ། ། ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་འགྱུར། །ཞེས་སེམས་ཅན་གྱི་སྡུག་བསྔལ་གྱི་རྒྱུ་སྡིག་པ་དེ་བཅོམ་ལྡན་འདས་ཀྱིས་ཆུ་ཡིས་འཁྲུ་ཐུབ་ཐབས་ཡོད་པ་མ་རེད། སྡུག་བསྔལ་དེ་ཕྱག་གིས་སེལ་ཐུབ་ཐབས་ཡོད་པ་མ་རེད། བཅོམ་ལྡན་འདས་ཀྱི་ཐུགས་རྒྱུད་ཀྱི་རྟོགས་པའི་ཡོན་ཏན་དེ་ང་ཚོ་མར་སྦྱིན་རྒྱུ་ཡོད་པ་མ་རེད། བཅོམ་ལྡན་འདས་ཀྱིས་གང་གནང་ཐུབ་ཀྱི་རེད་ཅེ་ན། བླང་དོར་ཡིན་ལུགས་ཀྱི་གནས་བསྟན་ནས་གདུལ་བྱའི་བླང་དོར་གྱི་གནས་ལ་རྨོངས་པའི་མུན་པར་སོ་སོས་བསམ་བློ་བཏང་། སློབ་སྦྱོང་བྱས་ནས་བླང་དོར་གྱི་གནས་ལ་རྨོངས་པའི་མུན་པ་སེལ་ནས་མཐར་སྡུག་བསྔལ་གྱི་རྒྱུ་གཙོ་བོ་ཀུན་འབྱུང་བདེན་པར་གཉེན་པོ་བསྟེན་པའི་ཐོག་ནས་སྤངས་པའི་བྲལ་བའི་ཡོན་ཏན་འགོག་བདེན་ཐོབ་པ་ཞིག་བཅོམ་ལྡན་འདས་ཀྱིས་ཆོས་འཁོར་དང་པོ་གསུངས་པའི་སྐབས་སུ་སྡུག་བསྔལ་བདེན་པ། ཀུན་འབྱུང་བདེན་པ། འགོག་པའི་བདེན་པ། ལམ་གྱི་བདེན་པ་ཞེས་བདེན་པ་བཞི་གསུངས་འདུག
བཅོམ་ལྡན་འདས་ཀྱི་ཆོས་ཀྱི་འགྲོ་སྟངས་རྩ་བ་འདི་རེད། སློབ་སྦྱོང་བྱས། རྩད་གཅོད་བྱས་ཏེ་སེམས་ཁམས་རིག་པའི་ཐོག་ནས་ནང་བསམ་བློར་རྩད་གཅོད་བྱས་ཏེ་ཉོན་མོངས་ཆགས་སྡང་སྐྱེས་པའི་རྒྱུ་དང་རྐྱེན་ཇི་ལྟར་ཡོང་གི་ཡོད་པ་ཤེས་པར་བྱས་ཏེ་བློ་ལ་འགྱུར་བ་གཏོང་རྒྱུ་ཞིག ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་འགྱུར། ཞེས་པ་དེ་ལྟར་རེད།
བཅོམ་ལྡན་འདས་ལ་དད་པ་བྱེད་མཁན་ཚོས་སངས་རྒྱས་པའི་ཆོས་ལ་སློབ་སྦྱོང་བྱེད་རྒྱུ་གལ་ཆེན་པོ་རེད། དད་པ་གལ་ཆེན་པོ་དང་རྩ་ཆེན་པོ་རེད། འོན་ཀྱང་དད་པ་ལ་གཉིས་ཡོད། དབང་རྣོན་ཆོས་ཀྱི་རྗེས་འབྲང་གི་དད་པ་གཅིག་དང་། དབང་རྟུལ་དད་པའི་རྗེས་འབྲང་གི་དད་པ་གཅིག་བྱས་ཏེ་དད་པ་ལ་རིགས་མི་འདྲ་བ་གཉིས་འདུག དབང་རྣོན་ཆོས་ཀྱི་རྗེས་འབྲང་གི་དད་པ་ནི་སངས་རྒྱས་པའི་ཆོས་ཀྱི་རྒྱུ་མཚན་དང་གནད་འགག་ག་འདྲ་རེད་འདུག་དཔྱད་པ་བྱས་ཏེ་དད་པ་སྐྱེས་ཡོང་བ་དེ་དབང་རྣོན་ཆོས་ཀྱི་རྗེས་འབྲང་གི་དད་པ་རེད། སངས་རྒྱས་བཅོམ་ལྡན་འདས་རྩ་ཆེན་པོ་རེད་ཟེར་བའི་གྲགས་པ་ཙམ་གྱི་རྗེས་སུ་འབྲངས་ནས་བཅོམ་ལྡན་འདས་ལ་དད་པ་བྱེད་རྒྱུ་ནི་དབང་རྟུལ་དད་པའི་རྗེས་འབྲང་ཟེར་བ་དེ་རེད།
ང་ཚོ་དུས་རབས་ ༢༡ པའི་ནང་པ་རེད། དེར་བརྟེན་སངས་རྒྱས་པའི་ཆོས་ཀྱི་གནད་འགག་ཕྲན་བུ་ཤེས་པ་བྱས་ཏེ་སངས་རྒྱས་པའི་ཆོས་ལ་དད་པ་བྱུང་བ་ཡིན་ན། དད་པ་དེ་རྒྱུ་མཚན་ལྡན་པའི་དད་པ་དང་དད་པ་བརྟན་པོ་ཆགས་ཀྱི་ཡོད་པ་རེད། དེང་སང་གིས་དུས་ཚོད་ལ་ནང་པའི་ཆོས་ལ་དོ་སྣང་ཡོད་མཁན་ཚོས་ནང་པའི་ཆོས་ཇི་ལྟར་ཡིན་པ་སློབ་སྦྱོང་བྱེད་རྒྱུ་དང་། སྔོན་ལ་སྤྱོད་འཇུག་ལས་སླ་བོ་རེད། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་སྤྱོད་འཇུག་གི་དེབ་དེ་བོད་ཡིག་ཙམ་མ་ཟད། ཧིན་དི་དང་ཨིན་ཇི། རྒྱ་ཡིག་ནང་དུའང་ཡོད་པ་རེད། སྤྱོད་འཇུག་ཕྲན་བུ་བལྟ་ཐུབ་ན། སྤྱོད་འཇུག་གི་ལེའུ་དྲུག་པ་བཟོད་པའི་ལེའུ་ནང་ཁོང་ཁྲོ་ལ་སྐྱོན་གང་ཡོད་པ་ཧ་ཅང་ཤུགས་ཆེན་པོ་གསུངས་ཡོད། འདིར་བསམ་བློ་ཏོག་ཙམ་གཏོང་ཐུབ་ན་ཁོང་ཁྲོ་ཟེར་བ་དེ་རྒྱུ་མཚན་མི་ལྡན་པ་ཡིན་པར་སོ་སོའི་སེམས་དཀྲུགས། མི་ལའང་མི་བདེ་བ་ཡོང་མཁན་ཞིག་ཡིན་པར་དེར་བརྟེན་བཟོད་པའི་ལེའུ་དེ་སེམས་ནང་ཁོང་ཁྲོ་ཆུང་དུ་གཏོང་སླད་ཧ་ཅང་ཕན་ཐོགས་འདུག
དེ་ནས་ལེའུ་བརྒྱད་པ་བསམ་གཏན་གྱི་ལེའུ་རེད། དེས་རང་གཅེས་འཛིན་ལ་སྐྱོན་ཇི་འདྲ་ཡོད་པ་དང་། གཞན་གཅེས་འཛིན་ལ་ཕན་ཐོགས་གང་ཡོད་པ་ཧ་ཅང་གསལ་པོ་ཡོད། དེར་བརྟེན་སྤྱོད་འཇུག་གི་གཞུང་ནང་ནས་གཙོ་བོ་ལེའུ་དྲུག་པ་དང་བརྒྱད་པ་གཉིས་གང་ཐུབ་བཀླག་སྟེ་བསམ་བློ་ཕྲན་བུ་བཏང་བ་ཡིན་ན་ཧ་ཅང་ཕན་གྱི་རེད། ངོས་ཀྱིས་རྡོ་རྗེ་གདན་དུ་ཁུ་ནུ་བླ་མ་རིན་པོ་ཆེ་བསྟན་འཛིན་རྒྱལ་མཚན་གྱི་སྐུ་མདུན་ནས་སྤྱོད་འཇུག་གི་བཤད་ལུང་ཞུས་ནས་ཧ་ཅང་ཕན་ཐོགས་བྱུང་། ཁྱོད་རང་ཚོའང་དེ་དེ་བཞིན་རེད། སྤྱོད་འཇུག་གི་གཞུང་ལ་དོ་སྣང་ཏོག་ཙམ་བྱོས་ཤོག་ཨང་།
གོང་དུ་བརྗོད་པ་ལྟར་ངོས་རང་སང་ཉིན་འདི་ནས་འཐོན་འགྲོ་གི་རེད། ཁྱོད་རང་ཚོ་ཡང་འདིར་གནས་སྐོར་ནས་བག་ཆགས་ཧ་ཅང་བཞག་ཡོད་པ་མ་ཟད་ལས་བཟང་པོའང་བསགས་ཡོད་པ་དེ་འཁྱེར་ནས་སོ་སོའི་ནང་ལ་ལོག སོ་སོའི་ནང་ལ་ཕར་ལོག་ནས་༸རྒྱལ་བ་རིན་པོ་ཆེས་སྤྱོད་འཇུག་ལྟོས་ཞེས་འབོད་སྐུལ་བྱས་པ་དེ་སེམས་ལ་ཉར་ནས་སྤྱོད་འཇུག་ངེས་པར་དུ་ལྟོས་ཨང་། མཁྱེན་སོང་ངམ། བཀྲ་ཤིས་བདེ་ལེགས། ཞེས་བཀའ་སློབ་སྩལ། །