༢༠༢༠ ཟླ་ ༡ ཚེས་ ༡༥ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༡༡ ཉིན་གྱི་ཞོགས་པ་ཆུ་ཚོད་ ༧།༣༠ ཙམ་ལ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་གྱི་བཞུགས་སྒར་དགའ་ལྡན་འཕེལ་རྒྱས་གླིང་ནས་དྲ་ལམ་ཐད་གཏོང་བརྒྱུད་ཨ་རིའི་ཤར་ཕྱོགས་ཀྱི་མཐོ་རིམ་སློབ་གྲྭ་ཁག་ ༧༠ ནས་རྒྱ་མི་དང་བོད་པའི་སློབ་ཕྲུག་གྲངས་གསུམ་བརྒྱ་ལ་བཀའ་སློབ་སྩལ་བ་མ་ཟད། སློབ་ཕྲུག་གི་དྲི་བར་བཀའ་ལན་སྩལ་དོན།
ཁྱེད་ཚོའི་གནས་ཡུལ་ལ་བསྟུན་ན་ཉིན་མོ་བདེ་ལེགས་བརྗོད་དགོས་ཀྱང་འདི་ག་ངོས་རང་གནས་ཡུལ་རྒྱ་གར་ནས་སྔ་དྲོ་བདེ་ལེགས་བརྗོད་དགོས་པ་རེད། དེས་གང་མཚོན་པར་བརྗོད་ན། སྔ་དྲོ་དང་ཉིན་གུང་། ཕྱེད་ཡོལ་ཟེར་བ་དུས་ཀྱི་ཆ་ཤས་དེ་དག་ཕན་ཚུན་ལྟོས་ནས་འགྲོ་དགོས་པ་ལས་ལྟོས་མེད་ཀྱི་དུས་ཚོད་རང་རྐྱ་བ་ཞིག་འཇོག་མི་ཤེས་པ་གསལ་པོར་མཚོན། ཞེས་ཞལ་ཤོབ་མཛད་རྗེས་མུ་མཐུད་བཀའ་སློབ་སྩལ་དོན། ངོས་རང་ནང་པའི་དགེ་སློང་ཞིག་ཡིན། ཉིན་ལྟར་རྟེན་བྱུང་གི་དོན་ལ་བསམ་བློ་གཏོང་བཞིན་ཡོད། ལྟོས་མེད་རང་དབང་གིས་གྲུབ་པའི་ཆོས་རྡུལ་ཙམ་ཡང་མེད་པ་རེད། གཞི་རྩའི་ཐོག་ནས་ང་ཚོ་ཚང་མ་འགྲོ་བ་མི་གཅིག་གྱུར་ཡིན། ལུས་སེམས་དང་སེམས་མྱོང་གང་གི་ཆ་ནས་འགྲོ་བ་མིའི་འདུ་ཤེས་འཛིན་མཁན་གཅིག་མཚུངས་ཆགས་ཡོད། ལྷག་པར་ང་ཚོ་ཚང་མས་མི་ཚེ་བདེ་ཞིང་སྐྱིད་པ་ཞིག་འདོད་པ་གཅིག་མཚུངས་རེད། ཕྱི་དངོས་པོའི་འཛུག་སྐྲུན་ཡར་རྒྱས་ཐོག་ནས་བརྗོད་ན་ཁྱེད་རང་ཚོ་ཡོད་སའི་ས་ཆ་དེ་ཡར་རྒྱས་ཚད་མཐོན་པོར་སོན་ཡོད། རྒྱ་གར་ནང་དུའང་ཕྱི་དངོས་པོའི་གནས་སྟངས་ཐོག་ཡར་རྒྱས་གང་ཙམ་ཕྱིན་ཡོད། འོན་ཀྱང་རྒྱ་གར་ཡུལ་འདིར་ལོ་ངོ་སུམ་སྟོང་ཙམ་ནས་འཚེ་བ་མེད་པ་དང་སྙིང་རྗེའི་ལྟ་གྲུབ་དར་འཕེལ་བྱུང་ཡོད། ལྷག་པར་དཔལ་ནཱ་ལེནྜའི་གཙུག་ལག་སློབ་ཁང་གིས་ལྟ་གྲུབ་དེ་དག་རིག་ལམ་ལ་ཁུངས་གཏུགས་ནས་ཡར་རྒྱས་རྒྱ་ཆེར་བཏང་ཡོད།
ངོས་རང་ནཱ་ལེནྜ་ནས་དར་བའི་ལེགས་སྦྱར་ཆོས་བརྒྱུད་ལ་ཁུངས་གཏུག་མཁན་ཞིག་ཡིན་པ་རྟག་པར་བརྗོད་ཀྱི་ཡོད། དེར་བརྟེན་དཔལ་ནཱ་ལེནྜའི་སྲོལ་རྒྱུན་འགྲོ་སྟངས་དེ་རྟག་པར་རྒྱུ་མཚན་གང་ཡིན་ལ་བརྟག་དཔྱད་བྱས་ནས་འགྲོ་བ་མ་གཏོགས་དེ་དེ་བཞིན་ནོ། ཟེར་ནས་ལམ་སང་ཁས་ལེན་ཀྱང་བྱེད་མཁན་ཞིག་མ་རེད། རྒྱུ་མཚན་བཀོད་ནས་འགྲོ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་འདུག དེའི་ཐོག་ནས་དངོས་པོའི་གནས་ལུགས་ལ་ད་དུང་བརྟག་དཔྱད་བྱས་ནས་འགྲོ་དགོས་པ་རེད། ཕྱི་དངོས་པོའི་འཛུགས་སྐྲུན་ཁོ་ནས་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་དང་། འཛམ་གླིང་བདེ་སྐྱིད་ལྡན་པ་ཞིག་བཟོ་ཐུབ་བམ་ཞེས་དྲིས་པ་ཡིན་ན། ངོས་ཀྱིས་བསམ་པར་དེའི་ལན་དུ་མི་ཐུབ་ཅེས་བརྗོད་རྒྱུ་རེད། ཁྱེད་ཚོ་ཡོད་སའི་ས་གནས་སུ་ཕྱི་དངོས་པོའི་འཛུགས་སྐྲུན་ཁོ་ནའི་ཐོག་ནས་ཕྱིན་པ་མ་གཏོགས་བློ་སྦྱངས་ནས་ནང་གི་གཤིས་རྒྱུད་འདུལ་ཐབས་སྐོར་སྐད་ཆ་གང་ཡང་བཤད་ཀྱི་མེད། བློ་སྦྱོང་གི་རྣམ་གཞག་དེ་དག་སྤྱིར་རྒྱ་གར་དཔལ་ནཱ་ལེནྜ་ནས་དར་བའི་ནང་པའི་རིག་གཞུང་ཞིག་ཡིན་ནའང་། ད་ཆ་རིག་གཞུང་དེར་སྤྱིར་སྟངས་ཤེས་ཡོན་གྱི་སྡེ་ཚན་ནང་བཞག་ནས་སློབ་སྦྱོང་བྱེད་དགོས་པ་ལས་ཆོས་ཕྱོགས་ཀྱི་སྡེ་ཚན་ཞིག་ཏུ་བརྩིས་ནས་བཞག་པ་ཡིན་ན་མ་འགྲིག་པ་རེད།
སེམས་ཁམས་རིག་པའི་རྣམ་གཞག་དང་བློ་སྦྱོང་སྟངས། དེ་བཞིན་ལྟ་གྲུབ་ཐོག་ནས་ཀྱང་དེ་ལྟར་རེད། དཔེར་ན་ཚད་རྡུལ་དངོས་ཁམས་རིག་པའི་རྣམ་གཞག་ལྟ་བུར་མཚོན་ན་ང་ཚོ་ལ་དེ་སྔ་ནས་རྒྱུས་ཡོད་རེད། ངོས་ཀྱི་གྲོགས་པོ་རྒྱ་གར་གྱི་རྡུལ་ཕྲན་ཚན་རིག་པ་རཱ་ཇ་ར་མནྣཱ་ Raja Ramanna ཞུ་བ་ཁོང་གིས་གསུང་གསལ་ལྟར། ཚད་རྡུལ་དངོས་ཁམས་རིག་པའི་རྣམ་གཞག་དེ་ནུབ་ཕྱོགས་པའི་ནང་རིག་གནས་གསར་པ་ཆགས་ཡོད་ཀྱང་། རྒྱ་གར་ནང་དུ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ལོ་ ༢༥༠༠ གོང་ནས་གསུང་ཟིན་ཡོད་སྐོར་གསུང་མྱོང་ཡོད། དེ་བདེན་པ་རེད།
ལྟ་གྲུབ་ཐོག་ནས་བཤད་པ་ཡིན་ནའང་ཆོས་རྣམས་ཇི་ལྟར་སྣང་བ་ལྟར་དུ་གྲུབ་མེད་པ་གསུང་ཡོད། ཆོས་རྣམས་ཀྱི་སྣང་ཚུལ་དང་གནས་ཚུལ་དབར་ཁྱད་པར་ཧ་ཅང་ཡོད་པ་གསུང་ཡོད། ཚད་རྡུལ་དངོས་ཁམས་རིག་པས་ཀྱང་དེ་ལྟར་བརྗོད་ཀྱི་འདུག ཆོས་རྣམས་ཀྱི་སྣང་གནས་མི་མཐུན་པ་ཡོད་པ་དེ་ཤེས་རྒྱུ་གལ་ཆེན་པོ་རེད། གང་ཡིན་བརྗོད་ན། ང་རང་ཚོའི་རྒྱུད་ལ་ཆགས་སྡང་སོགས་ཉོན་མོངས་པའི་བློའམ་ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་ཕལ་མོ་ཆེ་ཕྱིའི་སྣང་ཚུལ་ལ་བརྟེན་ནས་སྐྱེ་བཞིན་ཡོད། དེར་བརྟེན་ད་ཆ་ཚད་རྡུལ་དངོས་ཁམས་རིག་པའི་ཚན་རིག་པ་ཚོས་ཀྱང་ཆོས་རྣམས་བློ་ཡུལ་དུ་ཇི་ལྟར་སྣང་བ་ལྟར་དུ་ཞེན་པར་བརྟེན་ཆགས་སྡང་སོགས་ཀྱི་བློ་ཤུགས་དྲག་པོ་སྐྱེས་ནས་མཐུན་ཕྱོགས་ལ་ཧ་ཅང་ཆགས་པ་སྐྱེ་ཞིང་། མི་མཐུན་ཕྱོགས་ལ་ཧ་ཅང་སྡང་བ་སྐྱེ་བཞིན་ཡོད་སྟབས་ཇི་ཙམ་སྣང་གནས་མི་མཐུན་པ་ཡོད་པ་རྟོགས་པ་དེ་ཚོད་ཀྱིས་ཆགས་སྡང་གི་བློ་ཆུང་དུ་འགྲོ་རྒྱུར་ཕན་ཐོགས་ཏན་ཏན་ཡོད་པ་ངོས་འཛིན་བྱེད་ཀྱི་འདུག
དེང་སྐབས་རྒྱ་གར་སྲོལ་རྒྱུན་གྱི་བློའི་རྣམ་གཞག་དང་བྱེད་ལས་སྐོར་གྱི་ལེགས་བཤད་དེ་དག་འཛམ་གླིང་ལ་དགོས་མཁོ་ཡོད་པ་ཞིག་ཆགས་ཡོད། ད་ལྟའི་འཛམ་གླིང་གི་གནས་སྟངས་ལ་མཚོན་ན་ཕྱི་དངོས་པོའི་འཛུགས་སྐྲུན་ཡར་རྒྱས་ཧ་ཅང་ཕྱིན་ཡོད། འོན་ཀྱང་ངོས་ཀྱི་ཞོགས་པ་ཉིན་ལྟར་བྷི་བྷི་སི་གསར་ལས་ཁང་གི་གནས་ཚུལ་ལ་ཉན་སྐབས་དཀའ་ངལ་རྐྱང་རྐྱང་བཤད་ཀྱི་འདུག དོན་དངོས་ལ་དཀའ་ངལ་དེ་དག་ང་ཚོ་མི་རང་ཉིད་ཀྱིས་བཟོས་པའི་དཀའ་ངལ་རེད། ད་ཆ་དྲི་བ་ཞིག་ཡོད་པ་ནི། འགྲོ་བ་མིའི་གཞི་རྩའི་ལྷན་སྐྱེས་རང་བཞིན་དེ་ཅི་འདྲ་ཞིག་ཡིན་ནམ། ཞེས་པ་འདི་རེད། དེའི་ལན་དུ་ཚན་རིག་པ་ཁག་གཅིག་གིས་ང་ཚོ་མི་རྣམས་སྤྱི་ཚོགས་ལ་བརྟེན་པའི་སྲོག་ཆགས་ཡིན་སྟབས་མིའི་ལྷན་སྐྱེས་རང་བཞིན་དེ་བྱམས་བརྩེའི་རང་བཞིན་ཡིན་པ་བརྗོད་ཀྱི་འདུག རང་གི་བདེ་སྡུག་དེ་གཞན་ལ་བརྟེན་ཡོད་སྟབས་གཞན་གྱི་བདེ་སྡུག་ལ་རང་བཞིན་གྱིས་སེམས་ཁུར་སླེབས་པ་ཞིག་ཡིན་པ་རེད། ང་ཚོ་སྐྱེ་ཙམ་ཉིད་ནས་མས་བྱམས་བརྩེའི་འོག་ནས་འཚོ་སྐྱོང་བྱས་པ་རེད། ང་ཚོ་གསོན་པོར་གནས་རྒྱུའི་གཞི་རྩ་དེ་མའི་བྱམས་བརྩེ་ཡིན། བཙས་མ་ཐག་པའི་ཕྲུ་གུ་དེའི་ངོས་ནས་ཀྱང་རང་གི་མ་དེ་སུ་ཡིན་ངོས་འཛིན་བྱས་མ་ཐུབ་ཀྱང་མཐའ་གཅིག་ཏུ་མའི་ཕྱོགས་སུ་བློ་གཏད་བྱས་པ་དེ་ནི་འགྲོ་བ་མིའི་གཞི་རྩའི་རང་བཞིན་རེད།
དཀའ་ངལ་འཕྲད་ས་དེ་དེང་དུས་ཤེས་ཡོན་ལམ་ལུགས་ནང་མིའི་ལྷན་སྐྱེས་བྱམས་བརྩེའི་རིན་ཐང་སྐོར་གྱི་གནས་སྟངས་དེར་དོ་སྣང་རྩ་བ་ནས་མ་བྱས་པར་ཕྱི་དངོས་པོ་དཔལ་འབྱོར་འཛུགས་སྐྲུན་ཁོ་ནར་དང་དོད་བྱེད་བཞིན་ཡོད། དེར་བརྟེན་དཀའ་ངལ་འཕྲད་བཞིན་ཡོད། ད་ཆ་དེང་དུས་ཤེས་ཡོན་ལམ་ལུགས་ནང་དུ་མིའི་གཤིས་རྒྱུས་དང་འབྲེལ་བའི་བྱམས་བརྩེ་གོང་འཕེལ་དང་བློ་སྦྱོང་སྐོར་སོགས་སློབ་ཚན་དུ་གཞག་ཐུབ་པ་བྱ་རྒྱུ་གལ་ཆེན་པོར་མཐོང་བཞིན་ཡོད། ངོས་རང་ཉིད་ཙམ་མ་ཟད་ངོས་ཀྱི་གྲོགས་པོ་མང་པོ་ཞིག་ལའང་བསམ་ཚུལ་གཅིག་མཚུངས་ཡོང་བཞིན་འདུག
སྔོན་འགྲོའི་སློབ་གྲྭ་ནས་བཟུང་ང་ཚོས་ལུས་པོའི་འཕྲོད་བསྟེན་གལ་ཆེའི་སྐོར་སློབ་སྟོན་བྱས་པ་ལྟར་ད་ཆ་སེམས་མྱོང་འཕྲོད་བསྟེན་དགོས་གལ་ཆེ་བའི་སྐོར་སྔོན་འགྲོ་ནས་མཐོ་སློབ་དབར་སློབ་ཁྲིད་བྱེད་དགོས་པ་ཧ་ཅང་གལ་ཆེན་པོ་འདུག དེ་ལྟར་བྱས་ཐུབ་པ་ཡིན་ན་ལུས་པོའི་འཕྲོད་བསྟེན་དང་ཕྱི་དངོས་པོ་དཔལ་འབྱོར་འདུ་འགོད་ཁོ་ན་མིན་པར་ནང་གི་གཤིས་རྒྱུས་དང་འབྲེལ་བའི་རིན་ཐང་དེ་དག་ཀྱང་གོང་མཐོར་བཏང་ཐུབ། དེས་ཕན་ཐོགས་ཏན་ཏན་ཡོང་རྒྱུ་རེད། སེམས་ཀྱི་ཞི་བདེ་དཀྲུག་མཁན་ངོ་མ་དེ་ཁོང་ཁྲོའི་བསམ་པ་དེ་རེད། ཕྱིའི་དགྲ་མ་རེད། ནང་གི་དགྲ་བོ་ཁོང་ཁྲོ་དེ་རེད། སེམས་ནང་ཁོང་ཁྲོའི་བློ་སྐྱེ་མ་ཐག་སེམས་ཀྱི་ཞི་བདེ་མེད་པར་གྱུར་བ་རེད། ཁོང་ཁྲོའི་བློ་དེ་མུ་མཐུད་སེམས་ནང་བཅངས་པ་ཡིན་ན་ལུས་པོའི་འཕྲོད་བསྟེན་ལའང་ཧ་ཅང་གནོད་སྐྱོན་ཡོད་རེད། སྨན་པའི་ཚན་རིག་པ་ཁག་གཅིག་གིས། དུས་རྟག་ཏུ་སེམས་ནང་ཞེ་སྡང་དང་འཁོན་འཛིན་བྱས་ནས་བསྡད་པ་ཡིན་ན། ལུས་པོའི་ནད་འགོག་བྱེད་ཀྱི་ཟུངས་ཤུགས་ཉམས་རྒྱུ་ཡིན་སྐོར་གསུང་གི་འདུག དེ་ནི་ཆོས་ཀྱི་སྐད་ཆ་ཞིག་མིན། ཚན་རིག་པས་བཤད་པའི་སྐད་ཆ་རེད།
ངོས་རང་ཉིད་ལ་མཚོན་ནའང་ཉིན་ལྟར་གཞན་ཕན་བྱང་ཆུབ་ཀྱི་སེམས་ལ་བསམ་བློ་གཏོང་བཞིན་ཡོད། དེས་ཞེ་སྡང་གི་བློ་ཆུང་དུ་འགྲོ་རྒྱུར་ཕན་ཐོགས་ཧ་ཅང་འདུག དེར་བརྟེན་ངོས་ཀྱི་གདོང་པར་ལྟོས་དང་། དུས་རྟག་ཏུ་འཛུམ་མདངས་ཡོད། ( བཞད་མོ་བཞད་ ) ངོས་རང་གང་དུ་ཡོད་ས་དེར་ཁོར་ཡུག་ཕྲན་བུ་ཞི་བདེ་བག་ཕེབས་ཡོང་བ་ལྟ་བུ་འདུག དེ་ནི་ངོས་རང་ཏཱ་ལའི་བླ་མ་ཡིན་པའི་རྒྱུ་མཚན་ལ་བརྟེན་ནས་བྱུང་བ་ཞིག་རྩ་བ་ནས་མ་རེད། ངོས་རང་ཁྱེད་རང་ཚོ་དང་འདྲ་བར་འགྲོ་བ་མི་ཞིག་ཡིན། ངོས་ཀྱི་སེམས་རྒྱུད་ལའང་ཁོང་ཁྲོའི་ས་བོན་ཡོད། འོན་ཀྱང་ཆགས་སྡང་སོགས་ཉོན་མོངས་པའི་བློར་གཉེན་པོ་ཇི་ལྟར་བསྟེན་དགོས་མིན་ཐད་སྦྱང་བརྩོན་བྱས་འབྲས་སུ་མི་སེམས་པ་སྐྱིད་པོ་ཞིག་ཆགས་ཐུབ་པ་རེད།
ངོས་ཀྱི་བསམ་པར་ད་ལྟའི་སྤྱི་ཚོགས་ནང་འགྲན་རྩོད་ཆེ་དྲགས་པ་དང་། རང་གཅེས་འཛིན་གྱི་བློ་ཤུགས་ཆེ་དྲགས་པའི་རྐྱེན་གྱིས་དཀའ་ངལ་ཧ་ཅང་མང་པོ་འཕྲད་བཞིན་འདུག དམག་འཐབ་ཀྱིས་མཚོན་མི་གསོད་ཁྲག་སྦྱོར་སོགས་དཀའ་ངལ་མང་དང་ཅིག་མི་རང་ཉིད་ཀྱིས་བཟོས་པའི་དཀའ་ངལ་རེད་འདུག མིས་བཟོས་པའི་དཀའ་ངལ་དེ་དག་མི་རང་ཉིད་ཀྱིས་སེལ་ཐུབ་རྒྱུ་ཡིན་པ་དེ་ཆོས་ཉིད་རེད། གཙོ་ཆེར་ཀུན་སློང་ལ་རག་ལས་པ་རེད། ང་ཚོ་སྤྱི་ཚོགས་ལ་བརྟེན་པའི་སྲོག་ཆགས་ཡིན། མི་ལ་ཕུལ་བྱུང་གི་ཀླད་པ་ཡོད། མིའི་རྣམ་དཔྱོད་དང་བྱམས་བརྩེའི་བློ་གཉིས་བཟུང་འབྲེལ་ཐོག་ནས་འགྲོ་ཐུབ་པ་ཞིག་བྱུང་ན་མིའི་རྣམ་དཔྱོད་དེའང་མཐུན་པའི་རྐྱེན་དུ་འགྲོ་ངེས། དེ་ལས་ལྡོག་སྟེ་མིའི་རྣམ་དཔྱོད་དེ་དང་ཞེ་སྡང་གཉིས་བཟུང་འབྲེལ་བྱས་ནས་ཕྱིན་པ་ཡིན་ན་ཕུང་བྱེད་ཀྱི་རྒྱུར་འགྲོ་བ་རེད། མི་སྒེར་པ་ཡིན་ནའང་འདྲ། ནང་མི་ཡིན་ནའང་རེད། དེ་བཞིན་སྤྱི་ཚོགས་ཁྱོན་ཡོངས་དང་། ཆེ་ས་ནས་འགྲོ་བ་མི་སྡེའི་སྤྱི་ཚོགས་ཁྱོན་ལ་བདེ་སྐྱིད་ཡོང་དང་མ་ཡོང་ཟེར་བ་དེ་གཙོ་ཆེར་བྱམས་བརྩེའི་བསམ་པར་རག་ལས་ཡོད། ཆོས་ཁས་ལེན་མིན་ཟེར་བ་དེ་གང་ཟག་སྒེར་གྱི་ཇུས་གཏོགས་རེད། འགྲོ་བ་མི་ཞིག་དང་སྤྱི་ཚོགས་ལ་བརྟེན་པའི་སྲོག་ཆགས་ཤིག་ཡིན་ཕྱིན་གཞན་གྱི་བདེ་སྡུག་ལའང་བསམ་བློ་གཏོང་དགོས་པ་རེད། དེ་ནི་འཇིག་རྟེན་ཀུན་ལ་ཁྱབ་པའི་བཟང་སྤྱོད་ཀྱི་འོས་འགན་ཞིག་ཀྱང་ཡིན།
ཆོས་ནི་གང་ཟག་སྒེར་གྱི་བྱེད་སྒོ་ཞིག་རེད། རྒྱ་གར་ལ་མཚོན་ན་ཆོས་ལུགས་རིས་མེད་ཀྱི་ལྟ་ཚུལ་ཞིག་ཡོད། དེ་དང་འདྲ་བར་ཆོས་ཀྱི་སྐད་ཆ་གང་ཡང་མིན་པར་སྤྱིར་བཏང་ཀླད་པའི་རྣམ་གཞག་དང་སེམས་མྱོང་སྐོར། དེ་བཞིན་རྒྱ་གར་གི་ལོ་ངོ་སྟོང་ཕྲག་རིང་ནས་དར་བའི་འཚེ་བ་མེད་པ་དང་སྙིང་རྗེའི་ཉམས་ལེན་དེ་དག་དེང་དུས་འཛམ་གླིང་ནང་དགོས་མཁོ་ཧ་ཅང་ཡོད་པ་ཞིག་རེད་འདུག སྨོན་ལམ་བརྒྱབ་པ་ཙམ་མིན་པར་རིགས་པའི་ལམ་ནས་བརྟག་དཔྱད་བྱས་ནས་གཙོ་ཆེར་ཤེས་ཡོན་གྱི་འདུ་ཤེས་འཛིན་ནས་འགྲོ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་འདུག ཅེས་བཀའ་སློབ་སྩལ་བསྟུན་ཚོགས་ཁང་ནང་བོད་མི་དང་རྒྱ་མི་ཇི་ཙམ་ཡོད་མེད་བཀའ་རྩད་མཛད་རྗེས་མུ་མཐུད་བཀའ་སློབ་སྩལ་དོན།
དེ་རིང་བོད་མི་དང་རྒྱ་མི་ཧན་མི་རིགས་དང་ལྷན་དུ་སྐད་ཆ་བཤད་རྒྱུའི་གོ་སྐབས་བྱུང་བར་ངོས་རང་ཧ་ཅང་དགའ་པོ་བྱུང་། དུས་རབས་བདུན་པའི་ནང་ཆོས་རྒྱལ་སྲོང་བཙན་སྒམ་པོས་རྒྱ་ནག་རྒྱལ་པོའི་སྲས་མོ་དང་ཁྲུང་ས་བསྐྱོན་པར་བརྟེན་རྒྱ་ནག་དང་དམིགས་བསལ་འབྲེལ་བ་བྱུང་ཡོད། ནང་ཆོས་དེའང་ཐོག་མ་བོད་དུ་རྒྱ་ནག་ནས་སླེབས་པ་མ་ཟད། བོད་དུ་སྟོན་པ་ཤཱཀྱ་ཐུབ་པའི་རྟེན་གཙོ་རྩ་བ་ཆེ་ཤོས་དེའང་རྒྱ་ནག་ནས་གདན་དྲངས་པ་རེད། ངོས་རང་གནའ་བོའི་རྒྱ་ནག་གི་རྒྱལ་ས་ཤིའི་རྔན་ལ་དེ་སྔ་ཕྱིན་པ་ཡིན། དེར་ནང་པའི་ལྷ་ཁང་ཞིག་འདུག་པ་དེའི་ནང་དུ་བཞུགས་ཁྲི་སྟོང་པ་ཞིག་བཞག་འདུག ཉེ་འཁོར་ཚོས་ངོས་ལ་བརྗོད་པ་ལྟར་ན། བཞུགས་ཁྲི་སྟོང་པ་དེར་ཇོ་བོ་ཤཱཀྱུ་མུ་ནིའི་སྐུ་བརྙན་ཡོད་པ་དེ་ལྷ་སར་གདན་འདྲེན་ཞུས་འདུག ཇོ་བོ་ཤཱཀྱུ་མུ་ནིའི་སྐུ་བརྙན་དེ་ཐོག་མར་རྒྱ་གར་གནས་མཆོག་རྡོ་རྗེ་གདན་ནས་རྒྱ་ནག་རྒྱལ་ས་ཤིའི་རྔན་ལ་གདན་དྲངས་པ་རེད་འདུག
གལ་ཆེ་བ་ཞིག་ལ་ལོ་རྒྱུས་ཐོག་ནས་ཁྱེད་རང་ཚོ་རྒྱ་ནག་ལ་མཚོན་ན་ནང་པའི་རྒྱལ་ཁབ་རེད། ཕྱི་ལོ་ ༡༩༥༤།༡༩༥༥ ནང་ངོས་རང་རྒྱ་ནག་ལ་ཕྱིན་པ་ཡིན། ཞིང་ཆེན་འགའ་ཤས་ནང་དུ་ནང་པའི་ལྷ་ཁང་ཧ་ཅང་མང་པོ་འདུག དེར་བརྟེན་རྒྱ་མི་ཚོའི་བསམ་བློའི་ནང་སྟོན་པ་བཅོམ་ལྡན་འདས་དང་ནང་ཆོས་ཟེར་བ་དེ་དག་རྒྱུས་མངའ་ཡོད་པ་ཞིག་དང་སེམས་ཐག་ཉེ་པོ་ཡོད་པ་རེད། དེ་ལས་གལ་ཆེ་བ་ཞིག་ལ་རྒྱ་ནག་ནང་དར་བའི་ནང་ཆོས་དེ་ནཱ་ལེནྜའི་ཆོས་བརྒྱུད་ཆགས་ཡོད། རྒྱ་ནག་ནང་དུ་ནང་ཆོས་ཐོག་མར་དར་འཕེལ་གནང་མཁན་ཞོན་ཙང་རེད། ང་ཚོས་ཐང་སེན་བླ་མ་འབོད་པ་རེད། ཁོང་ལ་མཚོན་ན་ཐོག་མར་ནཱ་ལེནྜར་ཕེབས་ནས་ནང་ཆོས་སློབ་གཉེར་གནང་འདུག བོད་ལ་མཚོན་ན་ནཱ་ལེནྜའི་མཁས་པ་མཁན་ཆེན་ཞི་བ་འཚོ་དུས་རབས་བརྒྱད་པའི་ནང་བོད་དུ་ཕེབས་ཡོད། བོད་དང་རྒྱ་གཉིས་ཀ་ནང་པ་ཡིན་པ་མ་ཟད། ལེགས་སྦྱར་སྐད་ལ་བརྟེན་པའི་ནཱ་ལེནྜ་ནས་དར་བའི་ནང་ཆོས་ཉམས་ལེན་བྱེད་མཁན་ཡིན། མི་འདྲ་བའི་ཁྱད་པར་གང་ཡོད་བརྗོད་ན། ཁྱེད་ཚོ་ཧན་མི་རིགས་ཚོས་ནང་པའི་ཚད་མ་རིག་པའི་རྣམ་གཞག་ལ་དོ་སྣང་དེ་ཙམ་གནང་མི་འདུག ང་ཚོ་བོད་ལ་དུས་རབས་བརྒྱད་པའི་ནང་བྱོན་པའི་བོད་དུ་སངས་རྒྱས་ཀྱི་བསྟན་པ་དར་སྤེལ་མཛད་པོ་མཁན་ཆེན་ཞི་བ་འཚོ་རང་ཉིད་ལ་མཚོན་ན་ཚད་མའི་གཞུང་ལ་ཧ་ཅང་མཁས་པ་ཆེན་པོ་རེད། ཁོང་གི་ལམ་སྟོན་འོག་བོད་མི་ཚོས་ཚད་མའི་གཞུང་ལ་སློབ་སྦྱོང་ཤུགས་ཆེན་པོ་བྱས་དང་བྱེད་མུས་ཡིན། གཞི་རྩའི་ཆ་ནས་ང་ཚོ་ཚང་མ་ནཱ་ལེནྜ་ནས་བརྒྱུད་པའི་ནང་ཆོས་རྗེས་འབྲང་པ་གཅིག་མཚུངས་ཆགས་ཡོད། དེར་བརྟེན་ང་ཚོས་ཕན་ཚུན་སྤུན་མཆེད་ཕོ་མོ་ཞེས་འབོད་ཆོག་པ་ཞིག་རེད། བོད་མི་དང་ཧན་མི་རིགས་དབར་ལོ་ངོ་སྟོང་ཕྲག་རིང་ནས་འབྲེལ་བ་ཡོད། ཆབ་སྲིད་ཀྱི་གནད་དོན་དེ་ངོས་ཀྱིས་དེ་ཙམ་གནད་འགག་ཆེ་བར་བརྩི་ཡི་མེད། གལ་ཆེ་ཤོས་ནི་ང་ཚོ་འགྲོ་བ་མི་རིགས་གཅིག་གྱུར་ཡིན་སྟབས་ཕན་ཚུན་སྤུན་མཆེད་ཕོ་མོའི་འདུ་ཤེས་འཛིན་ནས་ཕན་ཚུན་དཔུང་པ་མཉམ་གཤིབ་ཐོག་བསྡད་ནས་རིག་གཞུང་བརྗེ་ལེན་དང་ཕ་རོགས་ཚུར་རོགས་བྱ་རྒྱུ་བྱུང་ན་ཧ་ཅང་ཡག་པོ་ཡོང་གི་རེད།
ངོས་ཀྱིས་རྟག་ཏུ་བོད་རྒྱ་མཐུན་འབྲེལ་དགོས་པ་བརྗོད་ཀྱི་ཡོད། དེ་ཧ་ཅང་གལ་ཆེན་པོ་འདུག ཕྱི་ལོ་ ༡༩༦༠ འགོ་སྟོད་སྐབས་ང་ཚོས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལ་བོད་དོན་ཞུ་གཏུགས་བྱས་པ་རེད། རྒྱ་གར་གྱི་སྲིད་བློན་ཟུར་པ་པནྜི་ཏ་ནེ་རུ་མཆོག་གིས་རྒྱལ་ཚོགས་ལ་ཞུ་གཏུགས་བྱས་ནས་དེ་ཙམ་ཕན་རྒྱུ་མེད་པ་དང་། བོད་རང་བཙན་ཆེད་ཨ་མེ་རི་ཀས་རྒྱ་ནག་དང་དམག་བརྒྱག་གི་མ་རེད། དེ་ལས་རྒྱ་ནག་གཞུང་དང་ཐད་ཀར་འབྲེལ་བ་བྱེད་ན་ལེགས་ཚུལ་ཁོང་གིས་ངོས་ལ་ལམ་སྟོན་གནང་བ་རེད། ཕྱི་ལོ་ ༡༩༧༤ ཙམ་ནས་ང་ཚོས་རྒྱལ་ཚོགས་ལ་བོད་དོན་ཞུ་གཏུག་མཚམས་འཇོག་བྱས་ནས་རྒྱ་ནག་གཞུང་དང་ཐད་ཀར་འབྲེལ་བ་བྱེད་འགོ་བཙུགས་པ་རེད། དུས་སྐབས་དེ་ཙམ་ནས་ང་ཚོས་རྒྱ་ནག་དང་ཁ་བྲལ་གྱི་རང་བཙན་མ་རྩོད་པར་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་སྐྱོང་བྱེད་བཞིན་ཡོད། དེར་བརྟེན་ང་ཚོས་བོད་རང་བཙན་རྩོད་ཀྱི་མེད།
འོན་ཀྱང་ད་ལྟའི་བོད་ནང་གི་གནས་སྟངས་དེའང་ང་ཚོས་ཁས་ལེན་ཐུབ་ཐབས་རྩ་བ་ནས་མེད། ཏང་ཡོན་འགོ་གཙོ་མཁྲེགས་འཛིན་པ་འགའ་ཤས་ཀྱིས་བོད་ཀྱི་སྐད་ཡིག་རྩ་མེད་གཏོང་ཐབས་བྱེད་བཞིན་ཡོད། དེ་ལྟ་བུའི་ཏང་ཡོན་འགོ་ཁྲིད་མཁྲེགས་འཛིན་པ་ཚོའི་མིག་རྒྱང་ཐུང་ཐུང་གི་སྲིད་བྱུས་ལ་ང་ཚོས་ངོས་ལེན་བྱ་ཐབས་རྩ་བ་ནས་མེད། རྒྱ་ནག་གི་རྩ་ཁྲིམས་ནང་བོད་རིགས་གནས་སྡོད་ཀྱི་ས་ཁུལ་ངོས་འཛིན་བྱས་ཡོད། རང་སྐྱོང་ལྗོངས་དང་རང་སྐྱོང་ཁུལ། རང་སྐྱོང་རྫོང་བཅས་འཁོད་ཡོད། རྩ་ཁྲིམས་རང་གི་ནང་དུ་བོད་རིགས་གནས་སྡོད་ཀྱི་ས་ཁུལ་ཞེས་ངོས་འཛིན་བྱས་ཡོད། དེར་བརྟེན་ས་ཁུལ་དེ་དག་ནང་བོད་མི་ཚོས་རང་གི་ཕ་མེས་ཀྱི་རིག་གཞུང་དང་ཆོས་ལུགས། སྐད་ཡིག་སོགས་ཐུན་མིན་ངོ་བོ་སྲུང་སྐྱོབ་བྱ་རྒྱུའི་ཐོབ་ཐང་སྤྲོད་དགོས། ང་ཚོས་རང་བཙན་རྩོད་ཀྱི་མེད། བོད་དེ་དཔལ་འབྱོར་གྱི་གནས་བབ་ཐོག་ནས་བརྗོད་ན་སྐྱོ་པོ་རེད། དེར་བརྟེན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནང་བསྡད་པ་ཡིན་ན་དཔལ་འབྱོར་གྱི་ཁེ་ཕན་ཆེ་བ་ཐོབ་ཐུབ་པ་དང་། བོད་མིས་རྒྱ་རིགས་ནང་པ་མང་པོ་ཞིག་ལའང་ཕན་ཐོགས་བྱེད་ཐུབ། དེང་སྐབས་རྒྱ་ནག་ནང་དུ་རྒྱ་རིགས་ནང་པ་ས་ཡ་བཞི་བརྒྱ་ཙམ་ཡོད་པ་རེད་འདུག ནང་པ་དེ་དག་དང་ངོས་དང་ཡང་སེ་འབྲེལ་བ་བྱེད་ཀྱི་ཡོད། ཁོང་ཚོ་རྒྱ་གར་ནང་དུ་ཡོང་གི་རེད། རྒྱ་ནག་གཞུང་གིས་དམ་བསྒྲགས་བྱེད་བཞིན་ཡོད་ཀྱང་ཁོང་ཚོ་གནས་མཆོག་རྡོ་རྗེ་གདན་སོགས་རྒྱ་གར་ནང་ཡོང་གི་འདུག དེར་བརྟེན་ནང་ཆོས་ཀྱི་ཐོག་ནས་ང་ཚོས་རྒྱ་རིགས་མཆེད་གྲོགས་ཕོ་མོ་ཚོར་ཕན་ཐོགས་ཏན་ཏན་བྱེད་ཐུབ་རྒྱུ་རེད། ཐད་ཀར་བརྗོད་ན་ནང་ཆོས་སྒང་ལ་སྐད་ཆ་བཤདས་པ་ཡིན་ན། རྒྱ་མི་ནང་པ་ལས་བོད་མི་ཚོས་ནང་ཆོས་ཡག་པ་ཤེས་ཀྱི་ཡོད། ཁྱེད་ཚོས་སྒོམ་བརྒྱབ་པ་མ་གཏོགས་ནང་ཆོས་སློབ་སྦྱོང་བྱ་རྒྱུར་དོ་སྣང་དེ་ཙམ་བྱས་མེད། ( བཞད་མོ་བཞད་ ) བོད་མི་ཚོས་མཁན་ཆེན་ཞི་བ་ཚོས་ལམ་སྟོན་གནང་བ་ལྟར་ནང་ཆོས་ལ་སློབ་སྦྱོང་ཧ་ཅང་བྱས་ཡོད་སྟབས་རྒྱ་རིགས་ཚོ་ལའང་ཕན་ཐོགས་བྱེད་ཐུབ།
དེ་སྔ་རྒྱ་ནག་གི་སྲིད་འཛིན་ཏེང་ཞའོ་ཕིང་གིས་དངོས་ཐོག་བདེན་འཚོལ་ལམ་ནས་འཛམ་གླིང་ཕྱི་ལ་འབྲེལ་བ་བྱས་པ་རེད། དེར་བརྟེན་རྒྱ་རིགས་སློབ་ཕྲུག་མང་པོ་ཞིག་ཨ་རི་དང་ཨོ་གླིང་། ཉི་ཧོང་སོགས་ནང་སློབ་སྦྱོང་ཆེད་བསྐྱོད་ཐུབ་ཡོད། དེ་སྔ་སྐབས་ཤིག་ཨ་རིའི་མཐོ་སློབ་ཞིག་གི་ནང་ངོས་ཀྱིས་གཏམ་བཤད་བྱས་པ་ཡིན། གཏམ་བཤད་གྲུབ་རྗེས་རྒྱ་རིགས་སློབ་ཕྲུག་གཅིག་ངོས་སར་ཐད་ཀར་ཡོང་ནས་རྒྱ་ནག་ཏུ་ཡོད་སྐབས་རྒྱ་ནག་གཞུང་གིས་ཏཱ་ལའི་བླ་མ་ཟེར་བ་དེ་ཀླད་རྙིང་མཁྲེགས་ཟུང་ཞིག་ཡིན་སྐོར་འཁྱོག་བཤད་བྱས་པ་དེར་ཡིད་ཆེས་བྱས་ནས་བསྡད་ཀྱང་། ཕྱིས་སུ་ཕྱི་རྒྱལ་དུ་འབྱོར་རྗེས་ཏཱ་ལའི་བླ་མ་དངོས་སུ་ཐུག་ནས་སྐད་ཆ་བཤད་སྐབས་རྒྱ་ནག་གཞུང་གིས་བཤད་པ་དང་ཏཱ་ལའི་བླ་མ་དངོས་སུ་ཐུག་པ་གཉིས་དབར་ཁྱད་པར་ཧ་ཅང་ཆེན་པོ་འདུག ཅེས་ཟེར་བྱུང་། ( ཞལ་འཛུམ་མཛད་ )
ད་ཆ་རྒྱ་ནག་ནང་དུ་གནས་སྟངས་འགྱུར་བ་ཧ་ཅང་འགྲོ་བཞིན་ཡོད། རྒྱ་ནག་གི་འགོ་ཁྲིད་འགའ་ཤས་དང་ངོས་རང་ཐད་ཀར་འབྲེལ་བ་ཡོད། ཡོངས་གྲགས་ཐོག་ནས་མིན། སྒེར་ཐོག་ནས་འབྲེལ་བ་ཡོང་གི་འདུག རྒྱ་ནག་གི་འགོ་ཁྲིད་དང་ངོས་རང་རྟག་ཏུ་འབྲེལ་བ་ཡོད། དེར་བརྟེན་གནས་སྟངས་འགྱུར་བ་འགྲོ་བཞིན་ཡོད། རྒྱ་ནག་གི་འགོ་ཁྲིད་མཐོ་ཤོས་གྲས་ཀྱི་ནང་དུའང་འདས་པའི་ལོ་ངོ་ ༦༠ ལྷག་ཙམ་རིང་བོད་ནང་ལག་བསྟར་བྱས་པའི་སྲིད་བྱུས་དེ་དག་དངོས་ཡོད་གནས་སྟངས་དང་འཚམས་པ་ཞིག་མིན་པར་ཡིད་ཆེས་བྱེད་བཞིན་འདུག ཁོང་ཚོས་བོད་མིའི་ཐོག་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དེར་ད་ཆ་འགྱུར་བ་བཏང་ནས་དངོས་ཡོད་གནས་ཚོད་དང་འཚམས་པའི་སྲིད་བྱུས་འཛིན་དགོས་པའི་བསམ་འཚུལ་འཛིན་བཞིན་འདུག ང་ཚོས་བལྟས་ཆོག
ངོས་རང་ནང་པའི་དགེ་སློང་ཞིག་ཡིན་ཞིང་། ༸རྒྱལ་དབང་གོང་མ་ཚོ་ལྟར་ངོས་རང་ཉིད་ཀྱང་རི་བོ་རྩེ་ལྔར་གནས་མཇལ་འགྲོ་འདོད་ཡོད། ཕྱི་ལོ་ ༡༩༥༤།༥༥ ལོར་ངོས་རང་པེ་ཅིང་དུ་ཡོད། སྐབས་དེར་ངོས་རང་རི་བོ་རྩེ་ལྔར་འཇམ་དཔལ་དབྱངས་མཆོད་མཇལ་ཞུ་འདོད་ཡོད་པ་བརྗོད་སྐབས་རྒྱ་མིའི་ས་གནས་འབྲེལ་ཡོད་དཔོན་རིགས་ཚོས་ལམ་ཀ་ཡག་པོ་མེད་སྐོར་བརྗོད་བྱུང་། དེ་དངོས་འབྲེལ་རེད། ལམ་དེ་ཙམ་ཡག་པོ་མེད། རི་བོ་རྩེ་ལྔར་གནས་མཇལ་འགྲོ་འདོད་ཡོད། ད་ཆ་གནས་སྟངས་ལ་ང་ཚོས་ལྟ་རྒྱུ་རེད། གནས་སྟངས་ལ་འགྱུར་བ་ཏན་ཏན་འགྲོ་བཞིན་འདུག འདས་པའི་ལོ་ངོ་དྲུག་ཅུ་ཙམ་རིང་ངོས་རང་རྒྱ་གར་རང་དབང་ལུང་པའི་ནང་བསྡད་པ་དེས་ཚན་རིག་པས་གཙོས་མི་མང་པོ་ཞིག་དང་ཐུག་ནས་ཕན་ཚུན་བསམ་ཚུལ་བརྗེ་ལེན་བྱ་རྒྱུའི་གོ་སྐབས་ཧ་ཅང་བཟང་པོ་ཞིག་ཐོབ་བྱུང་། རྒྱ་རིགས་མཁས་དབང་དང་མཐོ་སློབ་ཀྱི་སློབ་དཔོན་དེ་འདྲས་ང་ཚོས་འདི་ནས་བཏོན་པའི་ནང་པའི་ཚན་རིག་སྐོར་གྱི་དེབ་དེ་འདྲ་མཐོང་སྐབས་བོད་པའི་ནང་ཆོས་དེ་ནཱ་ལེནྜའི་ནང་ཆོས་གཤའ་མ་ཞིག་ཡིན་པ་དང་། ནཱ་ལེནྜའི་བཞེས་སྲོལ་དེའང་ཚན་རིག་གི་འགྲོ་སྟངས་ཤིག་ཡིན་པ་བརྗོད་ཀྱི་འདུག དེ་ཧ་ཅང་བདེན་པ་ཞིག་རེད། རྒྱ་ནག་ནང་དུ་རྒྱ་རིགས་ནང་པ་ཧ་ཅང་མང་པོ་ཡོད་པ་དེ་དག་ལ་ཞབས་འདེགས་ཕྲན་བུ་བསྒྲུབ་ཐུབ་ན་བསམ་པའི་འདུན་པ་ཧ་ཅང་ཡོད། ངོས་རང་བོད་མི་དང་རྒྱ་ནག་ཧན་མི་རིགས། ཉི་འོང་པ་སོགས་ནང་པ་ཚོ་དང་ཐུག་སྐབས་ང་ཚོ་ད་ཆ་དུས་རབས་ ༢༡ ནང་པ་ཞིག་བྱེད་དགོས་པ་བརྗོད་ཀྱི་ཡོད། དད་པ་ཙམ་གྱིས་རྗེས་སུ་མ་འབྲངས་པར་ནང་པའི་ཆོས་ལ་བརྟག་དཔྱད་བྱས། སློབ་སྦྱོང་བྱེད་དགོས་པ་བརྗོད་ཀྱི་ཡོད། སྟོན་པ་རང་ཉིད་ནས་ཀྱང་སངས་རྒྱས་ཀྱི་ཆོས་ལ་བརྟག་དཔྱད་བྱེད་དགོས་པ་གསུང་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ་བསྟུན་དྲི་བ་ཁག་ལ་བཀའ་ལན་སྩལ་འདུག
སྐབས་དེར་རྒྱ་རིགས་སློབ་མ་ཞིག་གིས། འབྱུང་འགྱུར་ཏཱ་ལའི་བླ་མ་མཆོག་གི་༸སྐུའི་ཡང་སྲིད་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་ནང་གང་དུ་འཁྲུངས་མིན་དང་། རྒྱ་རིགས་ཚོས་བོད་དོན་ཐོག་རྒྱབ་སྐྱོར་ཇི་ལྟར་བྱེད་ཐུབ་མིན། མགོན་པོ་མཆོག་གིས་རྒྱ་རིགས་ཚོར་བཟང་ཕྱོགས་ཀྱི་དགོངས་པ་བཞེས་སྟངས་ཇི་ཡིན་དྲིས་པར་བཀའ་ལན་སྩལ་དོན། ཏཱ་ལའི་བླ་མའི་བླ་བྲང་ལ་མཚོན་ན། ཕྱི་ལོ་ ༡༩༦༩ ཙམ་ནས་ངོས་ཀྱིས་མང་ཚོགས་ཁྲོད་གཞུང་འབྲེལ་ཐོག་ནས་འབྱུང་འགྱུར་ཏཱ་ལའི་བླ་མའི་བླ་བྲང་དེ་མུ་མཐུད་དང་མ་མཐུད་ཟེར་བ་དེ་བོད་མི་ཚོས་ཐག་གཅོད་བྱེད་དགོས་པ་བརྗོད་རྒྱུ་བྱུང་། དེ་གནད་འགག་ཆེན་པོ་ཞིག་མིན། འགའ་ཤས་ཀྱིས་ཏཱ་ལའི་བླ་མའི་བླ་བྲང་དེ་སངས་རྒྱས་ཀྱི་བསྟན་པར་ཧ་ཅང་གལ་གནད་ཆེན་པོ་ཡིན་པ་ལྟ་བུ་ཞིག་ལ་ངོས་འཛིན་བྱེད་མཁན་འདུག དེ་འདྲ་རྩ་བ་ནས་མ་རེད། སངས་རྒྱས་བཅོམ་ལྡན་འདས་རང་ཉིད་ལ་མཚོན་ན་ལ་བླ་བྲང་ཞིག་མེད། མགོན་པོ་ཀློ་སྒྲུབ་ཀྱི་བླ་བྲང་ཟེར་བའང་མེད། འོན་ཀྱང་ཁོང་རྣམ་པས་གསུང་པའི་ཆོས་དེ་དག་ལ་ང་ཚོས་སློབ་སྦྱོང་བྱས་ནས་ད་བར་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱས་ཡོད། འགྲོ་སྟངས་དེ་ལྟར་རེད། སངས་རྒྱས་བཅོམ་ལྡན་འདས་དང་མགོན་པོ་ཀླུ་སྒྲུབ་ཀྱི་བླ་བྲང་མེད་ཀྱང་ཁོང་རྣམས་ཀྱིས་གསུང་པའི་ཆོས་དེ་དག་མུ་མཐུད་གནས་ཡོད་སྟབས་གཙོ་ཆེར་ཁོང་རྣམ་པའི་གསུང་ལ་སློབ་སྦྱོང་བྱེད་དགོས། ཏཱ་ལའི་བླ་མའི་བླ་བྲང་དེ་ཡང་དུས་སྐབས་གཅིག་ལ་བྱུང་བ་ཡིན་སྟབས་དུས་ཚོད་རིམ་སོང་རྗེས་ནམ་ཞིག་མེད་པར་གྱུར་རྒྱུ་རེད། བོད་ཀྱི་སངས་རྒྱས་པའི་ཆོས་དེ་ཏཱ་ལའི་བླ་མའི་བླ་བྲང་ལ་བརྟེན་པ་ཞིག་རྩ་བ་ནས་མ་རེད།
༸རྒྱལ་དབང་༸སྐུ་ཕྲེང་དང་པོ་དང་གཉིས་པ། གསུམ་པ་བཅས་ཧ་ལས་པ་བྱུང་ཡོད། ༸རྒྱལ་དབང་༸སྐུ་ཕྲེང་དྲུག་པ་ཏོག་ཙམ་འཚུབ་པོ་བྱུང་བ་རེད། ( བཞད་མོ་བཞད་ ) ཁོང་ལ་ལྟོས་ན་ངོས་རང་ཧ་ཅང་དྲག་པ་ཡོད། (སླར་ཡང་བཞད་མོ་བཞད་ )དེར་བརྟེན་འབྱུང་འགྱུར་ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅོ་ལྔ་ཕེབས་ཀྱང་བརྟན་པ་བཤིག་མཁན་ཞིག་བྱུང་ན་ཕན་ཐོགས་གང་ཡང་མེད། སངས་རྒྱས་ཀྱི་བསྟན་པ་སྤྱི་དང་ལྷག་པར་དཔལ་ནཱ་ལེནྜའི་བསྟན་པ་གནས་པར་སློབ་གཉེར་བ་དང་མཁས་དབང་། ཉམས་ལེན་པ་དགོས་པ་རེད། གོང་དུ་བརྗོད་པ་ལྟར་ནཱ་ལེནྜའི་པཎ་གྲུབ་དེ་དག་ད་ཆ་བཞུགས་མེད་ལ་དེ་དག་གི་བླ་བྲང་འདི་རེད་ཟེར་བ་ཞིག་སྟོན་རྒྱུ་གང་ཡང་མེད། འོན་ཀྱང་སངས་རྒྱས་ཀྱི་བསྟན་པ་བཤད་སྒྲུབ་བཟུང་འབྲེལ་སྒོ་ནས་དུས་ད་ལྟ་བར་གནས་ཡོད། ངོས་ཀྱིས་དགའ་སྤོབས་ཐོག་ནས་ཞུ་རྒྱུར། རྒྱ་གར་ནང་དུ་དགེ་འདུན་པ་ཁྲི་གཅིག་ཙམ་གྱིས་ནང་ཆོས་ལ་སློབ་གཉེར་གནང་བཞིན་ཡོད། ལོ་ངོ་བཅུ་ཕྲག་འགའ་ཤས་གོང་ནས་ངོས་ཀྱིས་བཙུན་མ་ཚོས་ཀྱང་དགེ་འདུན་པ་ཚོ་དང་གཅིག་མཚུངས་ཀྱི་མཚན་ཉིད་གཞུང་ལ་ལྟ་དགོས་པ་བརྗོད་ཡོད། ད་ཆ་དགེ་འདུན་པ་ཙམ་མ་ཟད་བཙུན་མའི་མཁས་དབང་འཐོན་བཞིན་ཡོད། ང་ཚོའི་སློབ་གྲྭ་ཁག་གི་ནང་དུ་ཚད་མའི་གཞུང་དང་སེམས་ཁམས་རིག་པ། ནང་པའི་ལྟ་གྲུབ་སྐོར་སློབ་ཁྲིད་བྱེད་བཞིན་ཡོད། བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་སྟངས་དེ་འདྲ་རེད། བླ་བྲང་བཟུང་ནས་བསྟན་པ་འཛིན་མི་ཐུབ། ཏཱ་ལའི་བླ་མའི་བླ་བྲང་གནས་མིན་ཟེར་བ་དེ་བོད་མིའི་ལག་ཏུ་ཡོད། ངོས་ཀྱིས་བསམ་པར་ངོས་རང་འཆི་བའི་རྗེས་སུ་བོད་མི་ཚོས་ཐག་གཅོད་བྱ་རྒྱུ་མ་གཏོགས་དེའི་ཐད་ངོས་ལ་སེམས་འཚབ་གང་ཡང་མི་འདུག ལོ་ངོ་བརྒྱ་ཕྲག་འགའ་ཤས་ལོ་རྒྱུས་ཡོད་པའི་ཏཱ་ལའི་བླ་མའི་བླ་བྲང་འདི་བཞིན་ད་ལྟ་ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པ་ཆེན་པོའི་ ( བཞད་མོ་བཞད་ ) དུས་སྐབས་སུ་རྒྱལ་ཁའི་ངང་ནས་མཇུག་བསྒྲིལ་ན་བཟང་བ་ལས་མ་འོངས་པར་ཏཱ་ལའི་བླ་མ་ཞབས་འདྲེན་ཞུ་མཁན་ཞིག་བྱུང་ནས་མཇུག་བསྒྲིལ་དགོས་བྱུང་ན་མི་དགོས་པ་ཞིག་རེད། ཅེས་ཞལ་ཤོབ་དང་སྦྲགས་མུ་མཐུད་བཀའ་སློབ་སྩལ་དོན།
གོང་དུ་བརྗོད་པ་ལྟར་ང་ཚོས་རང་བཙན་རྩོད་ཀྱི་མེད། ང་ཚོའི་སེམས་འཚབ་གཙོ་བོ་ནི་དཔལ་ནཱ་ལེནྜ་ནས་དར་བའི་ལེགས་བཤད་དེ་དག་རྒྱུན་འཛིན་བྱ་རྒྱུ་དེ་ཡིན། ལེགས་བཤད་དེ་དག་དེང་དུས་འཛམ་གླིང་སྤྱིའི་གནས་སྟངས་ཇེ་བཟང་དུ་གཏོང་རྒྱུར་འབྲེལ་བ་ཡོད་པ་ཞིག་ཆགས་ཡོད། རྒྱ་གར་ནང་དགེ་འདུན་པ་ཕྲི་གཅིག་ཙམ་དང་བཙུན་མ་གང་ཙམ་ཡོད་པ་དེ་དག་གིས་སློབ་གཉེར་གནང་བཞིན་ཡོད། ངོས་ཀྱི་རེ་བར་མ་འོངས་པར་རྒྱ་ནག་སྐམ་སའི་ནང་དུའང་དེ་ལྟ་བུའི་ཤེས་ཡོན་བསྟི་གནས་ཁང་ཞིག་འཛུགས་ཐུབ་ན་བསམ་པ་འདུག སྐྱ་སེར་དབྱེ་བ་མེད་པས་སློབ་གཉེར་གནང་ཐུབ་པ་ཞིག་དགོས། ཤེས་ཡོན་གྱི་འདུ་ཤེས་ཐོག་ནས་ལོ་ངོ་ཉི་ཤུ་སུམ་ཅུའི་རིང་སློབ་གཉེར་བྱ་རྒྱུ་ཡོད་པ་ཞིག་བྱུང་ན་བསམ་པ་དྲན་གྱི་འདུག
ལོ་ཤས་གོང་ནས་ང་ཚོས་འདིར་གནས་མཆོག་རྡོ་རྗེ་གདན་དུའང་དེ་འདྲའི་བསྟི་གནས་ཁང་ཞིག་འཛུགས་རྒྱུའི་བསམ་བློ་འཁོར་བྱུང་། དེ་འདྲ་བྱུང་ན་ཁྱེད་རང་ཧན་མི་རིགས་ཚོས་ཀྱང་འདིར་ཡོང་ནས་ནང་ཆོས་ལ་ཤེས་ཡོན་གྱི་འདུ་ཤེས་འཛིན་ནས་སློབ་གཉེར་གནང་ཆོག་རྒྱུ་རེད། རྒྱ་ནག་ལའང་དེ་འདྲའི་སྟི་གནས་ཁང་འཛུགས་ཐུབ་ཚེ་དགེ་རྒན་ང་ཚོས་འདི་ནས་མཐུན་འགྱུར་སྦྱར་ཆོག བསམ་བློ་དེ་འདྲ་ཞིག་ཡོད་པར་བརྟེན་ལོ་ངོ་འགའ་ཤས་གོང་ནས་ང་ཚོའི་དགོན་པའི་ནང་དགེ་བཤེས་མཁས་དབང་ཚོར་རྒྱ་སྐད་སློབ་ཁྲིད་བྱེད་འགོ་བཙུགས་ཡོད།
ངོས་ཀྱིས་ཨ་རི་དང་ཡོ་རོབ་ནང་ཚན་རིག་པ་དང་ལྷན་བགྲོ་གླེང་ཐེངས་མང་བྱས་མྱོང་ཡོད། ངོས་ཀྱི་རེ་བར་མ་འོངས་པར་རྒྱ་ནག་སྐམ་ས་དང་། ལྷག་པར་པེ་ཅིང་གཙུག་ལག་སློབ་གྲྭ་སོགས་རྒྱ་ནག་གི་མཐོ་སློབ་ཁག་ཏུ་བགྲོ་གླེང་དེ་ལྟར་བྱེད་ཐུབ་རྒྱུའི་རེ་བ་བཅངས་བཞིན་ཡོད། ངོས་རང་ད་ཆ་ལོ་བརྒྱད་ཅུ་གྱ་བཞིར་སླེབས་ཡོད། ཁྱེད་རང་ཚོས་ངོས་ཀྱི་གདོང་པར་བལྟས་ན་ལོ་ཇི་ཙམ་སོན་མིན་ཚོད་དཔག་བྱོས་དང་། ཞེས་ཞལ་ཤོབ་མཛད་སྐབས་ཚོགས་བཅར་བ་རྒྱ་རིགས་གཅིག་གིས་མགོན་པོ་མཆོག་དགུང་གྲངས་བཞི་བཅུ་ཞེ་བརྒྱད་ལྟ་བུ་འདུག ཅེས་སྙན་སེང་ཞུས་པར་བཞད་མོ་བཞད་ནས་མུ་མཐུད་བཀའ་སློབ་སྩལ་དོན། ངོས་ཀྱི་སོ་ཐང་ཐག་ཆོད་ཡོད། ཁ་སྔོན་ངོས་ཀྱིས་མང་ཚོགས་ལ་ཆོས་བཤད་བྱེད་སྐབས་ཚོགས་རྫས་ཁྲོད་ཀུ་ཤུ་ཞིམ་མདོག་ཁ་པོ་གཅིག་མཐོང་བྱུང་། ངོས་རང་འདྲ་ཆགས་པོར་དགའ་མོས་བྱེད་མཁན་ཞིག་མིན་སྟབས་དེ་མ་ཐག་ཀུ་ཤུ་དེ་ཡར་བླངས་ནས་སོ་བརྒྱབ་པ་ཡིན། ཕྱོགས་གཅིག་ནས་ཀུ་ཤུ་དེ་ལྟ་སྣང་ལ་ཞིམ་མདོག་ཁ་པོ་དང་། ངོས་རང་ཡང་ཀུ་ཤུར་དགའ་པོ་ཡོད། གཉིས་ནས་མང་ཚོགས་ལ་ངོས་རང་ལོ་བརྒྱད་ཅུ་གྱ་བཞིར་སོན་ཡོད་ཀྱང་ལོ་བརྒྱད་ཅུ་གྱ་བཞི་ཅན་གྱི་མི་དེའི་སོ་འདི་འདྲ་ཞིག་ཡོད། ཅེས་ངོས་ཀྱི་སོ་ཐང་ཐང་ཡོད་པ་དེ་དག་གདོན་ཆེད་ཡིན། ཞེས་ཞལ་ཤོབ་མཛད། །