ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༢༨ རེས་གཟའ་མིག་དམར།
༄༅། །བོད་ཀྱི་བརྙན་འཕྲིན་ཚན་པའི་གསར་འགོད་པ་བསྟན་འཛིན་འཆི་མེད་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༢༦ ནས་ཕྱི་ཟླ་ ༢ ཚེས་ ༤ བར་ཉིན་གྲངས་བཅུའི་རིང་གནས་མཆོག་རྡོ་རྗེ་གདན་དུ་རྒྱལ་ཡོངས་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ་སྐབས་ ༣༡ པ་དབུ་འཛུགས་གནང་ཡོད་པ་རེད།
དེ་ཡང་ཐེངས་འདིའི་རྒྱལ་ཡོངས་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ་སྐབས་ ༣༡ པ་དེ་བཞིན་གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་མཆོད་རྟེན་ཆེན་མོའི་ར་བའི་ནང་ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༢༦ ནས་ཕྱི་ཟླ་ ༢ ཚེས་ ༤ བར་ཉིན་གྲངས་བཅུའི་རིང་འཚོགས་ཀྱི་ཡོད་པ་དང་། སྔར་ལམ་ནང་བཞིན་བྱང་ཆུབ་མཆོད་རྟེན་ཆེན་མོའི་ཕྱོགས་བཞིར་སྔ་འགྱུར་རྙིང་མའི་མཁན་བླ་སྤྲུལ་རྣམ་པ་དབུ་བཞུགས་ཐོག་གྲྭ་བཙུན་སྔགས་གསུམ་དང་མང་ཚོགས་བཅས་ནས་སྨོན་ལམ་གསུང་འདོན་གནང་བཞིན་འདུག
སྨོན་ལམ་ཐོག་ས་ཕྱོགས་གང་ས་ནས་སེར་སྐྱ་མང་ཚོགས་གྲངས་ཆིག་ཁྲི་གཅིག་ལྷག་ཕེབས་འདུག སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ་དེ་བཞིན་ལོ་ལྟར་རྙིང་མའི་དགོན་སྡེ་ཁག་གིས་རེས་མོས་ཐོག་གོ་སྒྲིག་གནང་གི་ཡོད་པ་བཞིན། འདི་ལོའི་སྨོན་ལམ་རྒྱ་གར་ལྷོ་ཕྱོགས་རྣམ་གྲོལ་གླིང་དགོན་པས་གཙོ་བོ་ཐུགས་འགན་བཞེས་ཏེ་ལྷོ་ཕྱོགས་རྙིང་དགོན་ཁག་མཐུན་མོང་གིས་གོ་སྒྲིག་གནང་ཡོད་པ་རེད།།