ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༢༨ རེས་གཟའ་མིག་དམར།
༄༅། །ཏཱ་ལའི་བླ་མའི་རྒྱ་ཡིག་ངོ་དེབ་ཐོག་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་སྐམ་ས་ཆེན་པོའི་རྒྱ་རིགས་ནང་པའི་དད་ལྡན་པ་མང་པོ་ཞིག་གིས་དྲ་ལམ་བརྒྱུད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཏོག་དབྱིབས་ཅན་གྱི་གློ་ནད་ནད་ཡམས་གསར་པ་ཞིག་གང་སར་ཁྱབ་བརྡལ་འགྲོ་བཞིན་པ་དེར་སྔོན་འགོག་གི་ཐབས་ལམ་ཇི་དགེའི་ཐོག་བཀའ་སློབ་ལམ་སྟོན་གསོལ་འདེབས་ཞུས་པར། མགོན་པོ་གང་ཉིད་ཀྱིས་ཐུགས་བརྩེ་ཆེན་པོས་རྗེ་བཙུན་སྒྲོལ་མའི་གཟུངས་སྔགས་གང་མང་འདོན་དགོས་པའི་བཀའ་སློབ་སྩལ་འདུག
དེ་སྔ་པེ་ཅིང་གཙུག་ལག་སློབ་གྲྭ་ཆེན་མོས་རྒྱ་ནག་ཏུ་དེང་སྐབས་ནང་པ་ཇི་ཙམ་ཡོད་མེད་ཉམས་ཞིབ་གནང་འབྲས་སུ། རྒྱ་ནག་ནང་དུ་ནང་པ་ས་ཡ་སུམ་བརྒྱ་ནས་བཞི་བརྒྱ་བར་ཡོད་ཅིང་། དེ་ཁོངས་ནས་བོད་བརྒྱུད་ནང་བསྟན་རྗེས་འབྲང་པ་ཧ་ཅང་མང་པོ་ཡོད་པ་ཤེས་རྟོགས་བྱུང་འདུག
དེ་ཡང་ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༡༡ ཉིན་གྱི་ཞོགས་པ་ཆུ་ཚོད་ ༧།༣༠ ཙམ་ལ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་གྱི་བཞུགས་སྒར་དགའ་ལྡན་འཕེལ་རྒྱས་གླིང་ནས་དྲ་ལམ་ཐད་གཏོང་བརྒྱུད་རྒྱ་རིགས་སློབ་ཕྲུག་སོགས་ལ་བཀའ་སློབ་འདི་ལྟར་སྩལ་དོན།
“གལ་ཆེ་བ་ཞིག་ལ་ལོ་རྒྱུས་ཐོག་ནས་ཁྱེད་རང་ཚོ་རྒྱ་ནག་ལ་མཚོན་ན་ནང་པའི་རྒྱལ་ཁབ་རེད། ཕྱི་ལོ་ ༡༩༥༤།༡༩༥༥ ནང་ངོས་རང་རྒྱ་ནག་ལ་ཕྱིན་པ་ཡིན། ཞིང་ཆེན་འགའ་ཤས་ནང་དུ་ནང་པའི་ལྷ་ཁང་ཧ་ཅང་མང་པོ་འདུག དེར་བརྟེན་རྒྱ་མི་ཚོའི་བསམ་བློའི་ནང་སྟོན་པ་བཅོམ་ལྡན་འདས་དང་ནང་ཆོས་ཟེར་བ་དེ་དག་རྒྱུས་མངའ་ཡོད་པ་ཞིག་དང་སེམས་ཐག་ཉེ་པོ་ཡོད་པ་རེད།” བཅས་སོགས་བཀའ་སློབ་སྩལ་ཡོད། །