ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༦ རེས་གཟའ་པ་སངས།
༄༅། །འདི་གར་ཨོ་སི་ཀྲོ་ལི་ཡ་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༤ དགོང་མོ་ཆུ་ཚོད་ ༦ སྟེང་ཨོ་གླིང་གྲོས་ཚོགས་ཀྱི་ཚོགས་ཁང་ནང་དུ། ཨོ་གླིང་གྲོས་ཚོགས་གོང་མའི་ལྗང་ཁུ་ཚོགས་པས་ཕྱི་ལོ་ ༢༠༡༩ ལོའི་ལོ་མཇུག་གསོལ་སྟོན་ཞིག་གོ་སྒྲིག་གནང་ཡོད་པ་དང་། གསོལ་སྟོན་གྱི་སྐུ་མགྲོན་དུ་སྐུ་ཚབ་དོན་གཅོད་མཚོ་སྒོ་ལྷག་པ་ལགས་དང་། དྲུང་ཆེ་ལྷ་དབང་རྒྱལ་པོ་ལགས་རྣམ་གཉིས་གདན་འདྲེན་གནང་བ་ལྟར་ཆེད་དུ་བཅར་ཏེ་གྲོས་ཚོགས་འཐུས་མི་དང་སྐུ་མགྲོན་གཞན་ལྷན་དུ་མཇལ་མོལ་ལྷུག་པོ་བྱུང་ཡོད།
དེ་ཡང་ཐོག་མར་གསོལ་སྟོན་འགོ་འཛུགས་གནང་སྐབས་གྲོས་ཚོགས་གོང་མའི་ལྗང་ཁུ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་རི་ཅར་ཊི་ཌི་ན་ཊ་ལེ་ Senator Richard Di Natale མཆོག་གིས་ཚོགས་པའི་ཚབ་ཞུས་ཏེ་སྐུ་མགྲོན་ལྷན་རྒྱས་ལ་དགའ་བསུ་དང་ཚོགས་པའི་ལས་དོན་སྐོར་ངོ་སྤྲོད་གསུང་བཤད་གནང་གྲུབ་མཚམས་སྐུ་མགྲོན་རྣམ་པ་ཕན་ཚུན་ངོ་སྤྲོད་ཀྱི་གླེང་མོལ་གནང་སྐབས། ལྗང་ཁུ་ཚོགས་པའི་ཚོགས་གཙོ་གཞོན་པ་ལྕམ་ཇན་ནི་ཊི་ར་ཡིས་ Senator Janet Rice མཆོག་དང་། སྐུ་ཚབ་དོན་གཅོད་མཚོ་སྒོ་ལྷག་པ་ལགས། དོན་ཁང་གི་དྲུང་ཆེ་ལྷ་དབང་རྒྱལ་པོ་ལགས། ནིའུ་ཛི་ལེན་ནས་ཆེད་ཕེབས་མེ་གསོད་རུ་ཁག་གི་རུ་དཔོན་བཅས་ཕན་ཚུན་དོ་སྣང་ཆེན་པོས་བོད་དོན་གླེང་སློང་བྱུང་ཡོད།
ཐེངས་འདིའི་ལོ་མཇུག་གསོལ་སྟོན་སྐབས་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་ལ་རིལ་ས་ཝ་ཀྲར་སི་ Senator Larissa Waters མཆོག་དང་། གྲོས་ཚོགས་འཐུས་མི་ལྕམ་ས་རཱ་ཧན་སན་ཡན་ Senator Sarah Hanson Young མཆོག གྲོས་ཚོགས་འཐུས་མི་ནིག་མེག་ཀིམ་ Senator Nick Mckim མཆོག་བཅས་ནམ་རྒྱུན་ནས་བོད་དོན་ལ་རྒྱབ་སྐྱོར་དང་དོ་སྣང་ཆེན་པོ་གནང་མཁན་ཁག་གཅིག་ཀྱང་ཕེབས་ཡོད་སྟབས། ཕན་ཚུན་ཐུགས་རྒྱུས་ཟབ་མོ་དང་མཛའ་བརྩེ་ཆེན་པོའི་ངང་དོན་ཁང་གི་དྲུང་ཆེ་གསར་པའང་ངོ་སྤྲོད་ལེགས་པོ་བྱུང་ཡོད།
ཨོ་གླིང་གྲོས་ཚོགས་ནང་དུ་ཆབ་སྲིད་ཚོགས་པ་ཁག་གིས་ལོ་མཇུག་གསོལ་སྟོན་བཤམས་ཏེ་སྐུ་མགྲོན་ཚོར་སོ་སོའི་ཆབ་སྲིད་ཚོགས་པའི་ངོ་བོ་དང་ལས་དོན་ཇི་བྱས་ངོ་སྤྲོད་ཞུ་སྲོལ་ཡོད་པ་ལྟར། ད་ཐེངས་ལྗང་ཁུ་ཚོགས་པས་ཨོ་སེ་ཀྲེ་ལེ་ཡ་དང་ནིའུ་ཛི་ལེན་ཌི་སོགས་ནས་ལས་རིགས་འདྲ་མིན་དང་། མི་རིགས་སྣ་མང་གི་གནད་ཡོད་སྐུ་མགྲོན་ ༡༠༠ ལྷག་ཙམ་གདན་འདྲེན་གནང་འདུག་པ་དང་། དོན་ཁང་ནས་ཀྱང་གོ་སྐབས་འདི་བཟུང་ནས་གནད་ཡོད་སྐུ་མགྲོན་གང་མང་ལ་བོད་གནས་སྤྱི་དང་། སྤྱི་ནོར་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི། བཙན་བྱོལ་ནང་ཡང་དག་པའི་མང་གཙོའི་ལམ་བུར་བསྐྱོད་བཞིན་པ་སོགས་ལ་དྲི་བ་དྲིས་ལན་གྱིས་གཙོས་འགྲེལ་བརྗོད་གང་ཐུབ་ཞུ་རྒྱུའི་གོ་སྐབས་ཐོབ་པ་མ་ཟད། གྲོས་ཚོགས་འཐུས་མི་དང་སྐུ་མགྲོན་གཞན་རྣམས་ཀྱིས་དོ་སྣང་དང་དགའ་མོས་ཆེན་པོ་བྱུང་ཡོད་པ་དང་བཅས། །